R81: རྗེ་བཙུན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཕྲེང་བ།

  • ཤོག་ལྷེ། (མ་དཔེ། A): ༢༧
[A:༢༧]གསུང༌། དྲུང་ན་གནས་པ་དག་གིས་ད་ཉི་མ་ཕྱེད་ཀྱིན་གདའ་བས་གུང་ཐུན་རན་འདུག་ཞུས་པས། ད་ཐུན་གྱི་ངེས་པ་མེད། ཉིན་མཚན་ཁོར་ཡུག་དགེ་སྦྱོར་དུ་འགྲོ་བ་ཞིག་བྱེད་པ་ཡིན། དང་པོ་ནས་མི་མེད་ཁྱི་མེད་ཀྱི་ལུང་སྟོང་ཞིག་ཏུ་འཆི་བར་བྱེད་དགོས་སྙམ་པའི་འདུན་པ་དེ་གྲུབ་བྱུང༌། ད་ལྟ་ཤིའང་སྔར་གྱི་བྱ་བ་མ་གྲུབ་པ་འདི་ཡིན། ད་བསྒྲུབ་དགོས་འདི་ཡིན་གྱི་སེམས་ལ་འཕྲེང་བ་གཅིག་ཀྱང་མེད། གཞན་ལ་འདི་ལྟར་གྱིས་ཀྱི་བཀོད་པ་སོགས་ཀྱང་ཕོ་ལོ་བརྒྱད་ཅུ་གྱ་གཉིས་པ་ཞིག་གིས་མི་འོང་གསུངས་ནས། དཀོན་བཟང་གཅིག་པོ་སྐུ་མདུན་དུ་བཞག །གཞན་ཐམས་ཅད་དགོན་པར་བཏང་ནས་སྤྲོས་པ་བཅད་དེ་ཐུགས་དམ་འབའ་ཞིག་ལ་བཞུགས། ཚེས་བརྒྱད་ཀྱི་བར་སྐུ་ཤེད་ཀྱང་ཆེ་བར་བྱུང༌། ཐུན་མཚམས་སུ་ཞབས་བསྐོར་ཡང་མང་རབས་མཛད། ཚེས་བརྒྱད་ཀྱི་ཉིན་ནས་སྐུ་ཤེད་ཀྱང་བཙན་ཐབས་སུ་ཆུང་དུ་སོང༌། ཚེས་དགུ། བཅུ། བཅུ་གཅིག་རྣམས་ལ་སྐུ་རིམ་སྟོབས་ཆེ་བར་བསྒྲུབས། སྐུ་རིམ་ཡང་འདི་ལྟ་བུ་བསྒྲུབས་ཡོད། ད་སྨན་པ་ཞིག་ལ་བསྟན་ན་དྲག་གམ་ཞུས་པས། རིམ་གྲོ་བྱས་པ་ཁྱེད་རང་རྣམས་ལ་ཕན་པས་བྱས་ཀྱང་འགལ་བ་མེད། ང་ལ་ནི་དབུས་གཙང་གི་བཙུན་པ་ཐམས་ཅད་འདུས་ནས་རིམ་གྲོ་བྱས། སྨན་པ་ཐམས་ཅད་འདུས་ནས་སྨན་བྱས་ཀྱང་ད་ལོ་སྡོད་པ་མེད་གསུངས། དེ་ནས་ཟླ་བ་དེའི་མཇུག་ཉིན་མཚན་ཁོར་ཡུག་ཏུ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས། སྐབས་སུ་ཞག་བདུན་ཙམ་ཞིག་སྐྱེམས་དད་ཆེ་ནས་གསོལ་ཇ་མང་དུ་བཞེས་དགོས་པ་ཞིག་བྱུང་བ། འདི་ལྟ་བུའི་སྐྱེམས་དད་ཇི་ལྟར་ཡིན་ཞུས་པས། ཆུ་མེ་ལ་ཐིམ་པའི་རྟགས་ཡིན་པར་འདུག