R81: རྗེ་བཙུན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཕྲེང་བ།

  • ཤོག་ལྷེ། (མ་དཔེ། A):
[A:༢]།བིརྺ་པ་ནས་ངོར་ཆེན་བར་གྱི་༼ཇ༽དུམ་པའི་ས་བཅད་གདན་རབས་ནོར་བུའི་ཕྲེང་བ་༼ཀ༽དུམ་འདིར་ལེན་དགོས། ༅། །ཨོཾ་སྭ་སྟི་སིདྡྷཾ། རྗེ་བཙུན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མ་མཆིས་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ལོ། །མཐའ་ཡས་སྲིད་གསུམ་འགྲོ་བའི་གཉེན་གཅིག་དཀོན་མཆོག་གསུམ་དངོས་ཆོས་ཀྱི་རྗེ། །རྒྱལ་བའི་རྒྱལ་ཚབ་ཆོས་ཀྱི་རྒྱལ་པོ་གང་གི་མཚན་ཙམ་ཐོས་པས་ཀྱང༌། །རྣམ་གྲོལ་དཔལ་ཡང་བདེ་བླག་སྩོལ་ན་དཔལ་གཞན་སྨོས་ཀྱང་ཅི་ཞིག་འཚལ། །དེ་སླད་མཚུངས་མེད་བཟང་པོའི་ཞབས་ལ་ཟོལ་མེད་ཡིད་ཀྱིས་ཕྱག་འཚལ་ལོ། །མི་ཟད་ཡོན་ཏན་ཀུན་གྱི་མཛོད་མངའ་རྒྱལ་བ་རྒྱལ་སྲས་དགྲ་རྒྱལ་སོགས། །ཐུགས་རྗེ་ཆེ་མངའ་ཐུགས་རྗེར་ལྡན་པ་དེ་དག་ཀུན་གྱི་ཐུགས་རྗེ་ཡིས། །བགྲང་ཡས་འགྲོ་ལ་ཕན་བདེ་བསྐྲུན་སླད་སྤྲུལ་པ་ལས་ཀྱང་ཆེར་སྤྲུལ་པ། །བླ་མེད་བླ་མ་དམ་པའི་མཛད་པ་ངོ་མཚར་ཕྲེང་བ་འདིར་བྲི་བྱ། །གང་གི་རྣམ་