R81: རྗེ་བཙུན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཕྲེང་བ།

  • ཤོག་ལྷེ། (མ་དཔེ། A): ༣༡
[A:༣༡]ཀྱིས་ཁྱབ་པའི་འགྲོ་བ་རྣམས་ལའང་ཡིད་མི་བདེ་བ་མེད་པར་བདེ་བ་སོ་སོར་ཐོབ་པར་མཛད་པ་ལ་སོགས་ཏེ་ངོ་མཚར་བ་བསྐྱེད་པ་བཞིན་ནོ། །དེ་ནས་དེ་ཉིད་དུ་འདུས་པའི་བཤེས་གཉེན་དགེ་འདུན་དང་བཅས་པ་རྣམས་ཀྱིས་ཞག་གྲངས་དུ་མའི་བར་དུ་གསོལ་བ་བཏབ་ནས་གདུང་ཁང་ཞལ་ཕྱེ་བའི་ཚེ། གདུང་རུས་ཕལ་ཆེ་བ་ནི་གདུང་ལོག་ཏུ་གྱུར། རིང་བསྲེལ་དཔག་ཏུ་མེད་པ་བྱོན་པ་རྣམས་ནི་ཕལ་ཆེ་བ་དྲི་བཟང་དང༌། དར་ཟབ་ཀྱི་ན་བཟའི་བཀུར་སྟི་དང་བཅས་ཏེ་ཕྱི་རྟེན་ནང་རྟེན་རྣམས་ཀྱི་ནང་དུ་བཞུགས། གཞན་ཇི་ལྟར་འོས་པ་རྣམས་དད་ལྡན་གྱི་བུ་སློབ་རྣམས་ལ་གསོལ་བ་འདེབས་པའི་རྟེན་དུ་བཀྱེ་སྟེ་མཆོད་ཅིང་བསོད་ནམས་གསོག་པའི་ཡུལ་དུ་གྱུར་པ་ཡིན་ནོ། །མདོར་ན་མང་དུ་སྨོས་ཅི་དགོས། གོང་གི་གསུང་ཉིད་ཀྱིས་ཤེས་ཏེ། དེའི་དོན་རྣམ་པར་དཔྱད་ན་བཤད་པ་གཙོ་བོར་མ་མཛད་པར་སྒྲུབ་པ་ཉིད་ལ་གཞོལ་བར་མཛད་ན་སྐུ་ལུས་མ་སྤངས་པར་ཕྱག་ཆེན་མཆོག་གི་དངོས་གྲུབ་ཐོབ་པར་ཞལ་གྱིས་བཞེས་པར་སྣང་ལ། བཤད་པ་གཙོ་བོར་མཛད་པའི་རྒྱུ་མཚན་གྱིས་སྐུ་ལུས་མ་དོར་བའི་ཚུལ་བསྟན་ནའང༌། འཆི་བ་འོད་གསལ་གྱི་ཚེ་མཆོག་གི་དངོས་གྲུབ་བརྙེས་པར་གདོན་མི་ཟ་སྟེ། གཞི་དུས་ཀྱི་འབྱུང་བཞི་ཐིམ་རིམ་རྣམས་ཉམས་ཀྱི་ཐིམ་རིམ་དུ་བསྒྱུར་འདུག་པས། རྣམ་པར་ཤེས་པ་འོད་གསལ་དུ་ཐིམ་པའི་ཚེ་མཚོན་བྱ་དོན་གྱི་ཡེ་ཤེས་ངོས་ཟིན་པ་ལས་མི་འདའ་ཞིང༌། ཐོག་མ་མེད་པ་ནས་ལུས་ཇི་སྙེད་ཅིག་བླངས་ཀྱང་ད་ལན་གྱི་ལུས་འདི་ལས་དོན་ཆེ་བ་མ་བྱུང་གསུང་བ་ནི་སོ་སོ་སྐྱེ་བོའི་ལུས་ཀྱི་ཐ་མ་ཡིན་པར་ཞལ་གྱིས་བཞེས་པར་སྣང་ངོ༌། །དེས་ན་བླ་མ་དམ་པ་འདིའི་ཡོན་ཏན་བརྗོད་ཀྱིས་