R81: རྗེ་བཙུན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཕྲེང་བ།

  • ཤོག་ལྷེ། (མ་དཔེ། A): ༣༢
[A:༣༢]ག་ལ་ལང༌། ད་ལྟ་འབྲས་བུ་མཆོག་གི་གོ་འཕང་མངོན་དུ་མཛད་པར་གདོན་མི་ཟ་བས་དབང་དང་གདམས་པ་ཚུལ་བཞིན་དུ་ཐོབ་པ་རྣམས་སྐལ་བ་བཟང་བར་ཤེས་པར་བྱ་ཞིང༌། གཞན་ཡང་འདི་ཉིད་ཀྱི་སྐུ་མཐོང་བ་དང༌། མཚན་ཐོས་པ་ཐམས་ཅད་སྲིད་པ་དང་ངན་འགྲོའི་སྡུག་བསྔལ་རྣམ་པར་སྤངས་ཏེ་རྣམ་གྲོལ་མཆོག་འཐོབ་པར་འགྱུར་བས་དོན་དང་ལྡན་པ་ཁོ་ན་ཡིན་ནོ།། །།དེ་ལྟར་མཛད་པ་རྨད་བྱུང་ངོ་མཚར་ཕྲེང༌། །བརྗོད་པས་བླ་མའི་རབ་མཆོག་དེ་ཉིད་ཀྱི། བཀའ་དྲིན་ཚད་མེད་རབ་ཏུ་དྲན་གྱུར་པས། །བདག་ནི་སྤུ་ལྡང་མཆི་མ་གཡོ་བར་གྱུར། །གང་ཞིག་ཐོས་པས་དོན་དང་རབ་ལྡན་ཞིང༌། །མཐོང་ན་དགའ་བ་རྣམ་པར་བསྐྱེད་པའི་དཔལ། །བསྟེན་ན་དགེ་ལེགས་རིན་ཆེན་རྩོལ་མཛད་པ། །ཁྱོད་ནི་ཕན་བདེའི་འབྱུང་གནས་རྩ་ལག་མཆོག །མང་ཐོས་ཡོན་ཏན་དཔལ་གྱིས་རབ་དྲེགས་ཤིང༌། །མཁས་རློམ་བཤེས་གཉེན་གང་གཞན་དེ་དག་གིས། །ཡོན་ཏན་མཐོང་བས་འདྲེན་མཆོག་ཁྱེད་ཉིད་ལ། །ཕྱིར་ཞིང་ཡིད་ཀྱི་གུས་པ་ལྷག་པར་འཕེལ། །དེ་སླད་འགྲོ་བའི་མགོན་པོ་ཁྱེད་དྲན་ཀྱང༌། །གསུང་གི་བདུད་རྩི་ནོད་པའི་སྐལ་བས་དབེན། །སྐྱབས་བྲལ་བདག་ལ་ཐུགས་རྗེས་ཉེར་བཟུང་སྟེ། །ཟབ་དོན་རྟོགས་པའི་བློ་གྲོས་བསྐྱེད་དུ་གསོལ། །གང་གིས་ཁྱེད་གསུང་འཆད་དང་སྒོམ་པ་ན། །ཐུགས་རྗེའི་མངའ་བདག་དཔལ་ལྡན་ཆོས་ཀྱི་རྗེ། །ལྷག་པར་དྲན་མོད་དབྱིངས་སུ་གཤེགས་གྱུར་པས། །བདག་ནི་སྐལ་བ་དམན་པར་གྱུར་སྙམ་སེམས། །འོན་ཀྱང་ཁྱེད་ཀྱིས་གདམས་པའི་བདུད་རྩི་ལས། །རང་སེམས་རིན་ཆེན་ཡོངས་སུ་དག་པ་འདི། །ལྷ་དང་བླ་མར་སྣང་ཞེན་འབྱུང་བའི་