R81: རྗེ་བཙུན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཕྲེང་བ།

  • ཤོག་ལྷེ། (མ་དཔེ། A):
[A:༣]ཐར་མ་ལུས་པ་ནི་ནམ་མཁའི་ཁམས་ལྟར་ཕ་མཐའ་ཡས། །དེ་ཕྱིར་བདག་ལྟས་གྲངས་མེད་ལྕེ་ཡིས་བསྐལ་པར་བརྗོད་ཀྱང་ལང་མ་ཡིན། །དེ་ལྟ་མོད་ཀྱི་སྐྱེས་ཆེན་མཆོག་གི་ཡོན་ཏན་ཆ་ཙམ་བརྗོད་པས་ཀྱང༌། །རྒྱ་ཆེན་དགེ་བ་འཕེལ་ཞེས་གསུང་རབ་ལས་འབྱུང་བྲིས་པ་འདི་ལ་སྐྱོན་ཡོད་མིན། །འདིར་བདག་ཅག་གི་འདྲེན་པ་དམ་པ་ལྷ་དང་བཅས་པའི་འཇིག་རྟེན་ཀུན་གྱི་སྐྱབས་གནས། གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་མངའ་བདག །དྲུག་པ་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མ་མཆིས་པ། རྗེ་བཙུན་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་ཡོངས་སུ་གྲགས་པ་འདི་ནི་ཐོག་མ་མེད་པའི་དུས་ནས་ངེས་པ་ལྔ་ལྡན་གྱི་ཚུལ་གྱིས་གྲོལ་བ་བརྙེས་སུ་ཟིན་མོད། འོན་ཀྱང་གདུལ་བྱའི་ཁམས་སྣ་ཚོགས་པ་རྗེས་སུ་གཟུང་བའི་ཕྱིར་མཛད་པ་དུ་མར་སྤྲུལ་པ་ལས། ཞིང་འདིར་སྐལ་བ་མཉམ་པའི་གདུལ་བྱ་རྣམས་ལ་ཐུན་མོང་དུ་སྣང་བའི་ཚུལ་མདོ་ཙམ་ཞིག་བརྗོད་ན།