R81: རྗེ་བཙུན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཕྲེང་བ།

  • ཤོག་ལྷེ། (མ་དཔེ། A):
[A:༥]རིན་པོ་ཆེ་གསན་པའི་ཚུལ་གཉིས་ཀྱི། དང་པོ་ནི། དེ་ལྟར་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་ནས་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན་པར་མཛད་དེ། ཐོག་མར་དགུང་ལོ་བཅུ་བཞི་བཞེས་པའི་ཚེ་མཁན་པོ་བྱང་སེང་བ་སྐུ་མཆེད་ཀྱི་དྲུང་དུ་ཕར་ཕྱིན་དང་སྤྱོད་འཇུག་ལ་ཐུགས་སྦྱོང་མཛད། བླ་མ་ནམ་ཆོས་པ་ལ་དུས་འཁོར་ཡོངས་རྫོགས་དང་འཇིགས་བྱེད་ཀྱི་དབང་སོགས་མང་དུ་གསན། བཅོ་བརྒྱད་པ་ལ་གླེ་ལུང་དགོན་པར་བཤད་སྟོན་རྒྱ་ཆེན་པོ་མཛད། ཉི་ཤུ་བཞེས་པའི་ཚེ་མུས་ཆེན་ནམ་མཁའི་རྣལ་འབྱོར་པ་ལ་གཅོད་ཁྲིད་ཞུས་པའི་ཚེ་ཐུགས་དམ་གཟིགས་སྣང་མང་པོ་དང༌། བྱམས་སྙིང་རྗེ་ཚད་མེད་པ་ཐུགས་རྒྱུད་ལ་འཁྲུངས། དེ་ཉིད་ལས་སྐྱེ་མེད་དོ་པ་ནས་བརྒྱུད་པ་སོགས་མ་གཅིག་གི་ཆོས་སྐོར་མ་ལུས་པ་གསན། ཉེར་གཅིག་བཞེས་པའི་ཚེ་ངམ་རིང་དུ་ཕེབ་སྟེ་ཕར་ཚད་ལ་ཐུགས་སྦྱོང་མཛད་པས་ཚིག་དོན་མ་ལུས་པ་མཐའ་དག་ཐུགས་སུ་ཆུད་དེ་གྲྭ་སྐོར་ཡང་མཛད། ཉེར་བཞི་པ་ལ་མཁས་མཆོག་ཐུགས་རྗེ་དཔལ་བའི་དྲུང་དུ་ལོ་གཅིག་ཙམ་བཞུགས་ནས་ལུང་རིག་ལ་ལེགས་པར་སྦྱངས་པས་རིགས་པའི་དབང་ཕྱུག་ཆེན་པོར་གྱུར་ཏེ་ཕས་ཀྱི་རྒོལ་བ་གང་ལའང་མི་འཇིགས་པའི་སྤོབས་པ་ཐོབ། དེ་ནས་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོར་གྲྭ་སྐོར་མཛད་དེ། ཐམས་ཅད་དུ་མཁས་པའི་གྲགས་པས་ཁྱབ་པར་གྱུར་ཏོ། །དགུང་ལོ་ཉེར་ལྔ་པའི་ཚེ་ཆོས་རྗེ་གཡག་པ་ཤེལ་དཀར་དུ་བྱོན་པ་དང་མཇལ་ཏེ་དེར་ཕར་ཕྱིན་གྱི་བཤད་པ། དབུ་མ་ལུགས་ཀྱི་སེམས་བསྐྱེད་སོགས་མང་དུ་གསན། ཉེར་དྲུག་པ་ལ་མདོག་གི་ཚྭས་སྣ་ཞེས་བྱ་བའི་གཙུག་ལག་ཁང་དུ་སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་པ་དང་མཇལ། ཕྱག་ཕྱིར་