R81: རྗེ་བཙུན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཕྲེང་བ།

  • ཤོག་ལྷེ། (མ་དཔེ། A):
[A:༨]འདོགས་གཅོད་དེ་མཐར་ཕྱིན་པར་མཛད་པ་ཡིན་ནོ། །གཉིས་པ་ཁྱད་པར་གསུང་ངག་རིན་པོ་ཆེ་གསན་པའི་ཚུལ་ནི། སྐྱེས་བུ་དམ་པ་རྣམས་ནི་དགེ་བའི་བཤེས་གཉེན་རྒྱ་མཚོ་ལྟ་བུ་བསྟེན་ཀྱང་ངོམ་པ་མེད་པར་གདམས་པ་དང་རྗེས་སུ་གདམས་པ་ཕྱིན་ཅི་མ་ལོག་པར་སྟོན་པའི་དགེ་བའི་བཤེས་གཉེན་འཚོལ་བ་ལ་ཚོང་དཔོན་གྱི་བུ་ནོར་བཟང་གི་རྣམ་ཐར་བཞིན་དུ་མཛད་པ་ནི་ཆོས་ཉིད་དེ། དེའང་སྔོན་གྲུབ་ཆེན་ནམ་མཁའ་བའི་ཐུགས་དམ་གྱི་མཐིལ་བདེ་མཆོག་ཡིན་ཞིང་བསྔགས་པའང་ཆེ་བར་མཛད་པ་དང༌། མཁན་ཆེན་སངས་བློ་བས་ཀྱང་བཤད་ཉན་མི་མཛད་ཕྱིན་སྔགས་ཕྱོགས་ཀྱི་སློབ་གཉེར་རྒྱ་ཆེ་རབ་ཅིག་མཛོད་གསུང་བ་ལ་བརྟེན་ནས་རྡོ་རྗེ་ཐེག་པའི་བཀའ་ལུང་རྒྱ་ཆེན་པོ་གསན་པར་བཞེད་དེ། སྔར་ཉང་སྟོད་དུ་ཕེབ། ཆོས་རྗེ་རྒྱལ་ཚབ་པ་ལ་ཕྱག་ཕྱིར་འགྲོ་བའི་སྙན་ཞུས་ཕུལ་ནའང་སྟབས་གཅིག་གིས་མ་ཐོན། བར་སྐབས་སུ་ཤངས་པ་ཀུན་མཁྱེན་པའི་དྲུང་དུ་འབྱོན་པར་ཆས་ནའང་ཕེབ་ཁ་རང་དུ་འབྱོན་མ་བཞེད་པར་བཞུགས། དགུང་ལོ་སོ་དྲུག་བཞེས་པའི་ཚེ་བོ་དོང་དུ་ཆོས་རྗེ་རྒྱལ་མཆོག་པ་དང་ཕྱོགས་གཅིག་ཏུ་བཞུགས་དུས། ཉག་རེ་མན་ངག་པ་ཟེར་བ་ཞིག་བསྙེན་རྫོགས་ཞུ་རུ་བྱུང་བ་ལ་སྤྱིར་ས་སྐྱ་པའི་ལོ་རྒྱུས་དང༌། ཁྱད་པར་ཀུན་དགའ་རྣམ་གཉིས་ཀྱི་ལོ་རྒྱུས་མང་དུ་བྱུང༌། རྗེ་འདིས་བླ་མ་ཀུན་དགའ་བཟང་པོ་པ་དེ་ཡོན་ཏན་ཆེ་ཞིང་སྒལ་ཚིགས་བཟང་བ་ཞིག་ཡིན་པར་གྲགས་པ་ཅི་འདྲ་དྲིས་པས། ཁོང་ན་རེ། སྤྱིར་གསུང་རབ་སྤྱི་ལ་མཁས། ཁྱད་པར་བདེ་ཀྱེ་སོགས་དཔལ་ལྡན་ས་སྐྱ་པའི་ཆོས་སྐོར་ལ་ཤིན་ཏུ་མཁས་ཤིང༌། སྒལ་ཚིགས་བཟང་ཟེར་བའང་སྡེ་དཔོན་སོགས་མི་ཆེན་ལ་བསྟུན་ཕྱོགས་མི་མཛད་པ་མ་གཏོགས་སྙོམས་ཆུང་ཆོས་བྱེད་ལ་ཤིན་ཏུ་བརྩེ་