R81: རྗེ་བཙུན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཕྲེང་བ།

  • ཤོག་ལྷེ། (མ་དཔེ། A):
[A:༩]བས་ཡང་དག་པ་ཞིག་ཡོད་ཟེར་བ་གསན་མ་ཐག་ཏུ་ཐར་པའི་ལམ་སྟོན་པའི་དགེ་བའི་བཤེས་གཉེན་ཡིན་པར་ངེས་ཤེས་གཏིང་ནས་འཁྲུངས་ཏེ། ཐུགས་དགོངས་ལ་བླ་མ་དེ་ཉིད་ཀྱི་དྲུང་དུ་འཁོར་ལོ་བདེ་མཆོག་གི་གདམས་པ་ཞུས་ནས་གཞུང་ཆིག་འདྲིལ་དུ་བྱས་ཏེ་གཡེང་པ་ཆེ་ཆུང་གང་གིས་ཀྱང་དབང་དུ་མ་སོང་བར་མི་ཚེ་སྒྲུབ་པ་ལ་འཁྱོལ་བ་ཞིག་བྱེད་དགོས་དགོངས་པ་བྱུང༌། དེ་ནས་སོ་དྲུག་པ་ཡོས་ལོའི་འཇུག་ཏུ་ཆོས་རྗེ་རྒྱལ་མཆོག་པ་ཆུ་འདུས་པས་གདན་དྲངས། ཆོས་རྗེའི་ཞལ་ནས་འཆད་ཉན་བྱེད་དགོས་གསུང་བ་ལ་དེ་བཞིན་གྱི་ཞེ་འདོད་མེད་པའི་རྒྱུ་མཚན་ནན་གྱིས་ཕུལ་བས་གྲུབ་ཙམ་བྱུང༌། དེར་དཔོན་སློབ་ཕྱོགས་མཐུན་བྱས། གདན་ས་ཆེན་པོར་ཕེབ། དེའི་ཚེ་རྗེ་བཙུན་ཀུན་དགའ་བཟང་པོ་ཤཱཀ་བཟང་སྐུ་འབུམ་ན་སྐུ་མཚམས་དམ་པ་ལ་བཞུགས་འདུག །རྗེ་འདིས་བདེ་མཆོག་སྐོར་གསུམ་རྩ་རྒྱུད་ཀྱི་བཤད་པ་དང་བཅས་པ་ཞུ་བ་ལ་འོངས་པ་ཡིན་པས་རྫོགས་པ་ཞིག་གནང་དགོས་ཞུ་ཞེས་པ་བསྐུར་བས། ད་ལྟ་མཚམས་དམ་པ་ཞིག་ལ་ཡོད། འདི་ཚོལ་བལྟ་རྟོག་གྱིས་གསུངས་ནས་བདེ་མཆོག་གི་དཔེ་ཆ་འགའ་ཞིག་གནང་བྱུང་སྟེ། དེའི་ངང་ལ་ཟླ་བ་གཉིས་ཙམ་སོང་ནས། དགུང་ལོ་སོ་བདུན་པ་ཤིང་ཕོ་འབྲུག་ལོ་ཤར་བའི་ཚེ་དཔོན་སློབ་ཞལ་མཇལ་ཏེ་མཇལ་མ་ཐག་ནས་སྔོན་གྱི་བླ་མར་མཁྱེན་ཅིང་མི་ཕྱེད་པའི་དད་པ་ཆེན་པོ་སྐྱེས་གསུང༌། དེ་ཉིད་ནས་བརྩམས་ཏེ་འབྲུག་ལོའི་སྟོན་ཚུན་ལ་བདེ་མཆོག་ལཱུ་དྲིལ། ཀྱེ་རྡོར་བཀའ་བབས་བཞི། གསང་འདུས་འཕགས་ལུགས་ལ་སོགས་ཀྱི་དབང༌། བསྐྱེད་རྫོགས་ཀྱི་མན་ངག །རྒྱུད་ཀྱི་བཤད་པ་ཅི་རིགས་པ་དང༌། གཞན་ཡང་རྡོ་རྗེ་ཕྲེང་བ། ཀྲྀ་ཡ་ས་