R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • ཤོག་ལྷེ། (མ་དཔེ། A): ༩༥
[A:༩༥]དིང་རིར་ཕྱབ་ཕེབས་པའོ། དེ་ཡང་དམ་པ་ནས་བརྒྱུད་པའི་གཅོད་སྐོར་ལ་ཕོ་གཅོད་དང་མོ་གཅོད་གཉིས་ལས། དང་པོ་ནི་སྨང་ར་སེར་པོ་ནས་བརྒྱུད་པ་དང་། གཉིས་པ་ནི་མ་གཅིག་ནས་བརྒྱུད་པ་ལ་ཟེར་རོ། མ་གཅིག་ནི་གྲ་པ་མངོན་ཤེས་ལས་རབ་ཏུ་བྱུང་ཞིང་། དམ་པ་དང་སྐྱོ་བསོད་ནམས་བླ་མ་གཉིས་ཆར་ལ་གསན་ནོ། ཞི་བྱེད་ཀྱི་སྐོར་ལ་བརྒྱུད་པ་སྔ་ཕྱི་བར་གསུམ་གྱི་དང་པོ་ནི། དམ་པས་ཁ་ཆེ་ཛྙཱ་ན་གུ་ཧྱེ་ལ་གསུངས་པའི་ཞི་བྱེད་སྒྲོལ་མའི་སྐོར་གསུམ་ལ་སོགས་པ་སྟེ། དམ་པ་དང་ཁ་ཆེ་གཉིས་ཀས་ཨོང་པོ་ལོ་ཙཱ་བ་ལ་བཤད་པ་དང་། ཡང་ཁ་ཆེ་བས་པུ་རངས་ལོ་ཆུང་དང་། དེས་དམར་ཆོས་རྒྱལ་ལ་བཤད་པའོ། གཉིས་པ་ནི་བོད་དུ་ལན་བཞི་པ་བྱོན་དུས་དམ་པ་རྨ་དང་། སོ་དགེ་འདུན་འབར་དང་། ཀམ་ཡེ་ཤེས་རྒྱལ་མཚན་གསུམ་ལ་བཤད་པའོ། གསུམ་པ་དིང་རིར་ལན་ལྔ་པ་མེ་མོ་གླང་ལ་ཕེབས་ནས་དམ་པ་འཕྱར་ཆེན་འཕྱར་ཆུང་། དམ་པ་ཀུན་དགའ་སོགས་ལ་བཤད་པའོ། དེས་ན་དམ་པ་དིང་རིར་ཕེབས་པའི་མེ་མོ་གླང་དེ། ག་ཡ་བོད་ལ་བྱོན་པའི་ལྕགས་སྦྲུལ་ནས་ལོ་བཞིའི་གོང་གི་མེ་གླང་དེ་ཙམ་ཡིན་པ་འདྲ་སྙམ་མོ། ག་ཡ་བྱོན་པའི་རྗེས་ཙམ་ལ་པུ་ཏོ་བ་བྱོན་པ་ཡིན་ཏེ་སུམ་སྟོང་བརྒྱ་དང་དོན་ལྔ་འདས་པའི་དོན་དྲུག་པ་ཆུ་མོ་ལུག་
སྤྱི་ལོ་༡༠༤༣
ལ་པུ་ཏོ་བ་བལྟམས། ལོ་འདི་ཕྱི་དར་ས་མོ་བྱ་ནས་གོ་ལྔ་པ་ཡིན་ཞིང་། སྐུ་མཆེད་གསུམ་གྱི་སྤྱན་སྔ་བ་ས་ཕོ་སྟག་ལོ་པ་སྟེ། པུ་ཏོ་བ་ལས་ལོ་ལྔས་བགྲེས་དྲུག་ཅུ་རྩ་དྲུག་པ་ཆུ་ལུག་རྨལ་པོ་ཟླ་བའི་ཉེར་གཅིག་ལ་གཤེགས།