R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • ཤོག་ལྷེ། (མ་དཔེ། A):
[A:༩] ས་གའི་ཉ་ལ་ལྷུམས་སུ་ཞུགས། ཆུ་སྟོད་ཀྱི་ཟླ་ལྷག་དང་བཅས་པའི་ཟླ་བ་བཅུ་རྫོགས་པའི་མཆུའི་ཉ་ལ་སྐུ་བལྟམས། སོ་བདུན་པ་ཆུ་ཕོ་རྟའི་ས་གའི་ཉ་ལ་སངས་རྒྱས། སོ་བརྒྱད་པ་ཆུ་མོ་ལུག་གི་ནག་པའི་ཉ་ལ་དུས་འཁོར་རྩ་རྒྱུད་གསུངས། ལོ་ངོ་གྱ་གཉིས་དང་ཧྲིལ་པོ་བརྒྱད་ཅུ་དང་ཟླ་བ་གསུམ་རྫོགས་པའི་མེ་མོ་ཡོས་ས་ག་ཟླ་བའི་ཉ་ལ་མྱ་ངན་ལས་འདས། དེའི་བསྟན་པ་བསྟན་པའི་དུས་བཞི་སྔ་ཕྱི་བསྡོམས་པའི་ལོ་ལྔ་སྟོང་དང་བརྒྱད་དུ་གནས་པ་ལས། འདས་ལོའི་ཕྱི་དེ་ནས་ཉིས་སྟོང་སུམ་བརྒྱ་དང་གོ་དྲུག་འདས་པའི་གོ་བདུན་པ་ནི་ཤིང་ཕོ་བྱི་
སྤྱི་ལོའི་སྔོན་གྱི་ལོ་༨༣༣
ལ་འདི་ཡིན་ལ། དུས་འཁོར་གསུངས་པའི་རྩ་རྒྱུད་ནས་ད་ལྟའི་བར་ལ་ཉིས་སྟོང་བཞི་བརྒྱ་དང་ཉི་ཤུ་རྩ་གཉིས་སུ་སླེབས་པ་ཡིན་ནོ།
གཉིས་པ་རང་ལུགས་འཐད་པའི་ཕྱོགས་ནི། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ངོ་བོ་དཔལ་ལྡན་ས་སྐྱ་པའི་ལུགས་གཞིར་བཞག་ནས་རྩིས་པ་ཡིན་པས། འདི་ཉིད་ལྔ་བརྒྱ་ཕྲག་བཅུ་དང་སྦྱར་ན། ད་ལོའི་ཤིང་ཕོ་བྱི་ལོ་འདི། འདས་ལོའི་ཕྱི་དེ་ནས་སུམ་སྟོང་དྲུག་བརྒྱ་གོ་བདུན་པ་ཡིན་པས། འབྲས་བུའི་དུས་ཀྱི་ལྔ་བརྒྱ་ཕྲག་གསུམ་དང་། སྒྲུབ་པའི་དུས་ལྔ་བརྒྱ་ཕྲག་གསུམ་སྟེ་སུམ་སྟོང་འདས་ཤིང་། ལུང་གི་དུས་ལྔ་བརྒྱ་ཕྲག་གསུམ་ཡོད་པའི་མངོན་པའི་དུས་ཀྱི་ལྔ་བརྒྱ་ཕྲག་གཅིག་ཀྱང་འདས། མདོ་སྡེའི་དུས་ཀྱི་ལྔ་བརྒྱ་ཕྲག་གཅིག་གི་སྟེང་ནས་བརྒྱ་དང་གོ་དྲུག་འདས་པའི་གོ་བདུན་པའི་སྟེང་ན་ཞུགས་པས། ད་ཕྱིན་ཆད་ཀྱི་དབང་དུ་བྱས་ན། ད་ལྟའི་ཤིང་ཕོ་བྱི་བ་ནས་མདོ་སྡེའི་དུས་ཀྱི་སུམ་བརྒྱ་དང་བཞི། འདུལ་བའི་དུས་ཀྱི་ལྔ་བརྒྱ་ཕྲག་གཅིག། རྟགས་ཙམ་འཛིན་པའི་ལྔ་བརྒྱ་ཕྲག་གཅིག་སྟེ་ཀུན་དྲིལ་བས་ལོ་སྟོང་དང་སུམ་བརྒྱ་དང་ཉག་མ་བཞི་ནི་བསྟན་པའི་ལྷག་མར་གནས་ཤིང་། དེ་ཡང་བསྟན་པ་རྣལ་མ་ནི་བརྒྱད་བརྒྱ་