R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • ཤོག་ལྷེ། (མ་དཔེ། A): ༤༨
[A:༤༨]སམ། བོད་དུ་ནི་དེ་གོང་དུ་བྱོན་ཚར་བ་ལགས་སོ། འདི་ལྟ་བུའི་ཇོ་བོ་ཤཱཀྱ་འདི་ནི། སྟོན་པས་ལོ་ཞེ་གཅིག་པ་ས་ཕོ་སྤྲེལ་ལོ་སུམ་ཅུ་རྩ་གསུམ་དུ་དབྱར་གནས་ལ་བཞུགས་པའི་ཚེ། རྒྱུ་ལྷའི་རིན་པོ་ཆེ་ལས། སྦྱིན་བདག་ལྷ་དབང་བརྒྱ་བྱིན་གྱིས་བྱས། བཟོ་བོ་བི་ཤྭ་ཀརྨས་བྱས་ཏེ། དགུང་ལོ་བཅུ་གཉིས་པའི་སྐུ་ཚད་དུ་བཞེངས། རྟེན་འདི་ཉིད་ལྷ་ཡུལ་རྒྱ་གར། ཨུ་རྒྱན་སོགས་སུའང་ལོ་མང་དག་བཞུགས་ནས། རྒྱ་གར་རྒྱལ་པོ་དྷརྨ་པ་ལས་རྒྱ་ནག་རྒྱལ་པོ་སྲི་ཏ་བི་ཛ་ཡ་ལ་སྐྱེས་སུ་བསྐུར་ཏེ་ལོ་ལྔ་བརྒྱ་བཞུགས། འདས་ལོ་ནས་ཉིས་སྟོང་བདུན་བརྒྱ་དང་དྲུག་ཅུ་རྩ་དགུ་པ་མེ་ཕོ་སྤྲེལ་ལོར་
སྤྱི་ལོ་༦༣༦
བོད་དུ་བྱོན། དེ་ནས་ད་བར་དགུ་བརྒྱ་དང་ཉི་ཤུ་རྩ་དགུ་ལོན།
གཉིས་པ་ལོ་པན་བྱོན་ཚུལ་ནི། དེའི་ཚེ་ཐོན་མི་ཨ་ནུའི་བུ་ཐོན་མི་སམབྷོ་ཏ་གཡོག་བཅུ་དྲུག་དང་བཅས་པ་རྒྱ་གར་དུ་བརྫངས། བྲམ་ཟེ་ལི་བྱིན་ལ་ཡི་གེ་དང་། པནྜི་ཏ་ལྷའི་རིག་པ་སེང་གེ་ལ་སྒྲ་བསླབས་ཏེ། བོད་དུ་ཡི་གེའི་བསྟན་བཅོས་སུམ་ཅུ་པ་དང་། རྟགས་འཇུག་སོགས་བརྒྱད་བརྩམས་ཏེ། ཡི་གེ་སོགས་ཡོན་ཏན་གྱི་གཞི་བཏིང་། ཟ་མ་ཏོག་བཀོད་པ་དང་། པདྨ་དཀར་པོ། འདུས་པ་རིན་པོ་ཆེའི་ཏོག། རྒྱལ་པོ་མདོ་ལྔ། པང་ཀོང་ཕྱག་རྒྱ་པ། དཀོན་མཆོག་སྤྲིན་སོགས་མང་དུ་བསྒྱུར་ཏོ། གཞན་ཡང་ལྷ་ལུང་རྡོ་རྗེ་དཔལ་དང་། རྒྱ་གར་གྱི་སློབ་དཔོན་ཀུ་ས་ལ་དང་། བལ་པོའི་སློབ་དཔོན་ཤཱི་ལ་མཉྫུ་དང་། རྒྱ་ནག་སློབ་དཔོན་ཧ་ཞང་མ་ཧཱ་དེ་ཝ་སོགས་བྱོན་ཏེ། གསུམ་པ་ཆོས་ནི། ཐེག་ཆེན་གྱི་བསྟན་པ་ལ་སྒོམ་སྒྲུབ་གཙོ་བོར་མཛད་ཅིང་། གཏན་ཁྲིམས་ལྔ་བཅས། བཤད་པའི་སྒོ་ཡང་ཅུང་ཟད་འདོད་པ་ཙམ་མོ།