R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༩༢ན-༣༧༣
[A:༩༢ན-༣༧༣] ༄༅། །ཚུལ་ཉིད་དང། དགེ་སློང་ཉིད་དག་གིས་སྔ་མ་བསྙེན་པར་རྫོགས་པ་ལ་ཕྱི་མ་མི་བྱའོ་ཞེས་གསུངས་པ་ལྟར། ལ་ལ་དག་ལ་ཚིག་སྔ་མ་དག་དང། ལ་ལ་དག་ལ་ཚིག་གསུམ་གྱིས་ནོད་པའི་བསྙེན་པར་རྫོགས་པ་ནོད་པ་སོགས་བསྟན་པ་ལ་གཅེས་སྤྲས་སུ་མཛད་པའི་རྣམ་པར་ཐར་པས་དུས་འདའ། ཟླ་བ་བཞི་པའི་ནང་དུ་ནུབ་ཅིག་མནལ་ལམ་དུ། དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་བསུ་བའི་བཀོད་པ་བྱུང་ཚུལ་གྱི་བཀའ་ཕེབས་པ་ལ་རྟེན། མི་དབང་གིས་བཀའ་བཀོད་གནང། ཆོས་རྗེ་དར་ལུང་པ་དཔོན་སློབ་དང། ཆོས་རྗེ་མོན་གདོང་པ་སོགས་ཀྱིས་མཁའ་འགྲོ་བསུ་བཟློག། རྡོ་རྗེ་སློབ་དཔོན་གྱི་བརྟན་བཞུགས་སོགས་ལེགས་པར་ཕུལ་བས་མཚན་མ་དེ་དག་རང་དངས་སུ་སོང། སླར་ཡང་ལོ་མང་པོ་ཞིག་གི་སྔ་རོལ་ནས་ཁོ་བོ་དང་ཉེ་གནས་གཉིས་ལོ་འདི་ཙམ་ཞིག་གི་བར་དུ་ལྷན་དུ་སྡོད་པ་ཡིན་ཞེས་གསུང་ཞིང། དེ་བར་ལ་སུས་ཕྲ་མ་བཅུག་ཀྱང་དེའི་དབང་དུ་མི་གཏོང་གསུང་བ་ཕེབས། ལེགས་པར་རྩིས་ན། རྗེ་ཉིད་དགུང་ལོ་རེ་བདུན་རེ་བརྒྱད་ཀྱི་མཚམས་སུ་དག་པའི་ཞིང་ལ་ཐེགས་པ་འདྲ་བསམ་པ་ཤར་བྱུང། རྗེས་སུ་ཉེ་གནས་པ་ཉིད་ཟླ་བ་ལྔ་པའི་ཚེས་བརྒྱད་ལ་མི་རྟག་པའི་ཚུལ་བསྟན་པ་དུས་འགྲིག་པས། དེ་ལྟ་