R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༩༤བ-༣༧༨
[A:༩༤བ-༣༧༨] པ་རིམ་པར་བསྐོ་བའང་གནང་ངོ་། །དེ་ནས་རིན་པོ་ཆེ་བྲག་ལྕོག་པའི་ཞལ་སྔ་ནས། དཔོན་ས་གོང་མ་ཁུ་དབོན་གྱི་བླ་མར་མངའ་གསོལ་ཏེ་ཆོས་ཀྱི་བདུད་རྩིས་མཉེས་པར་མཛད་པ་སོགས། རྗེ་ཉིད་ཀྱི་ཕྲིན་ལས་ཀྱི་སྒོའི་རྣམ་པར་ཐར་པ་ཁོ་ནར་གྱུར་ཏོ། །དེར་བཞུགས་ཐོག། བདེ་ཆེན་ཡངས་པ་ཅན་ནས་དབོན་པོ་རྡོར་རྒྱལ་བའི་ཞུ་ཡིག ཐམས་མཁྱེན་པ་སྤྱན་སྔ་རིན་པོ་ཆེ་སྐུ་ཅུང་ཟད་རྟེན་པ་ལས། དབུང་གཙང་གི ཚོགས་སྡེ་བཞིས་གཙོ་མཛད་ཆོས་སྡེ་ཆེན་པོ་རྣམས་སུ་སྐུ་རིམ་གྱི་མང་ཇ་འགྱེད་བཅས་སོགས་བསམ་གྱི་མི་ཁྱབ་པ་སྒྲུབ་ཚུལ་དང། རྗེ་དྲུང་ཉིད་ནས་ཀྱང་ཞབས་བརྟན་པའི་རྟེན་འབྲེལ་སྒྲིག་པ་གནང་དགོས་པའི་ཞུ་མཆིད་ཕུལ་བ་ལ། མཚན་དེའི་ཐོ་རངས་ཀྱི་ཆར་བདག་གིས་སྒྲོན་མེ་བཏེགས་ཏེ་ཕུལ་བ་ན། ད་ལྟ་ཁོ་བོའི་རྨི་ལམ་ཤིན་ཏུ་བྲག་གཟར་མལ་འཛེགས་པ་ལྟ་ཅི་སྨོས། བལྟ་བར་ཡང་མི་བཟོད་པ་ཅིག་ལ་ཁོ་བོས་འཛེགས་ཏེ་ཕྱིན་པ་ན་ཐང་ཤིན་ཏུ་བདེ་ཞིང་ཡངས་པ་ལྷའི་འདུག་གནས་ལྟ་བུའི་དབུས་ན། རྗེ་བཙུན་ཐམས་ཅད་མཁྱེན་པ་ཁྲི་རིན་པོ་ཆེའི་ལྷུན་སྟུག་པའི་སྟེང་ན་ལྷ་ངེ་ལྷ་མེར་བཞུགས་པ་སྙམ་བྱེད་པས། སྐུ་ཤིན་ཏུ་ཉེན་པ་སྙམ་བྱེད་ཀྱང་བརྟན་བཞུགས་ཕུལ་བ་ཙམ་གྱི་བསྙུན་གྱི་རྣམ་པ་རང་དངས་སུ་འགྱུར་བར་ངེས་སྙམ་ཞེས་བཀའ་ཕེབས། ད་ལྟ་སྣག་ཤོག་ལོང་ལ། བརྟན་བཞུགས་སུ་གསོལ་བ་འདེབས་པ་འདི་བཞིན་དུ་བྲིས་