R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༩༦ན-༣༨༡
[A:༩༦ན-༣༨༡] ༄༅། །ཆ་ལ་བདག་མུན་སྲོས་པ་ལྟར་གྱུར་ཀྱང། ད་ནི་ནམ་ལངས་པ་ལྟར་གྱུར་པས་ཡུན་རིང་པོའི་བར་དུ་ཞབས་བརྟན་པར་འགྱུར་བ་ནི། རྗེ་བཙུན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་ཆོས་ཀྱི་སྲིད་སྲི་ཞུ་མཐའ་ཡས་པ་ཞུས་པ་ལས་སོ་ཤེས་པ་གསོལ་ཏོ། །དེ་ཉིད་ཀྱི་དོན་ལ་མངགས་པའི་ཞུ་ལན་དགོས་ཕེབས་པའི་རྗེ་ཉིད་ཀྱང་དགོངས་པ་ཡོངས་སུ་གང་བར་གྱུར། སླར་དམ་པའི་གནས་དེ་ཉིད་དུ། ཏིང་ངེ་འཛིན་གྱི་རོལ་པས་མཉམ་པར་གཞག་པའི་སྐབས་ཤེད་དུ། རྗེ་བཙུན་བྱམས་པའི་སྐུའི་སྣང་བརྙན་ཞིག་གསལ་བར་མངོན་དུ་གྱུར་ཞིང། དེ་ཉིད་ཀྱི་ངང་ལས་ཤར་ཕྱོགས་ཀྱི་གད་པ་རྗེ་བཙུན་གྱི་སྐུ་འདྲ་བ་ཞིག་ལ་ཐིམ་པའི་ཐུགས་ཉམས་ཤར་བས། ངེད་ཀྱི་སྣང་བ་དེ་དང། ཁྱེེད་རང་ཚོའི་རིགས་རྒྱུད་ཡོན་བཙུན་བཀྲ་ཤིས་མགོན་པོའི་གཟིགས་སྣང་ལ་བྱུང་ཟེར་བའི་རྣམ་པར་ཐར་པ་ཕྱོགས་མཐུན་པ་འདུག་གསུང་ཞིང་། དེས་ངེས་པར་འབྱུང་བའི་ཐུགས་ལེགས་པར་དྲངས་ནས། ངེས་འབྱུང་ལ་བསྐུལ་བའི་གསུང་ཚིགས་སུ་བཅད་པ་གལ་མེད་དུ་གནང་བ་འདི་ལྟ་སྟེ། ན་མོ་གུ་རུ། ངེས་འབྱུང་མྱན་ངན་འདས་པའི་མཆོག་བརྙེས་ནས། །ངེས་འབྱུང་ལམ་བཟང་སྟོན་མཛད་ལ་བརྒྱུད་དེ། །ངེས་འབྱུང་གཏམ་འདི་སྨྲའོ་ལེགས་སེམས་ལ། །ངེས་འབྱུང་བསམ་པ་བསྐྱེད་ཅིག་སྙོམ་ལས་མཁན། །ལེ་ལོ་བྱེད་པར་རིགས་སམ་སྙོམ་ལས་མཁན།།