[A:༩༦བ-༣༨༢] སྔོན་ཆད་སྐྱེ་རྒ་ན་འཆིའི་སྡུགས་བསྔལ་མྱོང། །འཆི་བའང་མྱུར་དུ་འོང་བ་ཤེས་བཞིན་དུ། །རྨི་ལམ་སྒྱུ་འདྲའི་ཚེ་འདིའི་སྣང་བ་ལ། །ཞེན་པ་བསྐྱུང་བར་རིགས་སོ་སྙོམ་ལས་མཁན། །ཡུན་རིང་བདས་དྲག་སྐུལ་རྦ་ཀློང་ཅན། །གཏིང་མཐའ་མི་མངོན་སྲིད་པའི་དུག་མཚོ་ལས། །མྱུར་དུ་ཐར་བའི་ཐབས་ལ་མི་འབད་པར། །ཁྱོད་སྙིང་ལྷུན་པོ་ལགས་སོ་སྙོམ་ལས་མཁན། །འཇིག་རྟེན་མཐུན་འཇུག་འཇིག་རྟེན་པ་རང་མཁས། །དམ་ཆོས་བཤད་ཉན་མཁས་གྲུབ་རྣམས་ཀྱིས་མཛད། །ལོང་པས་གཞན་གྱི་མིག་བུ་བྱེད་ལོ་བས། །རང་རྒྱུད་གྱོང་པོ་ཐུལ་ཞིག་སྙོམ་ལས་མཁན། །དེའང་གང་ཞིག་གང་གིས་ཇི་ལྟར་འདུལ། །ལེགས་པར་བརྟགས་ན་རིང་ངན་མ་མཆིས་པས། །མཚན་མའི་སྤྲོས་པ་ཀུན་གྱིས་དབེན་པ་ཡིས། །བློ་འདས་ངང་དུ་ཞོག་ཅིག་སྙོམ་ལས་མཁན། །སེམས་ཅན་འདི་ཀུན་ཚེ་འདིའི་ཕ་མ་དང། །དྲིན་གཟོའི་ཡུལ་དུ་ཁྱད་པར་འགའ་མ་མཆིས། །བྱེད་དགུ་གཞན་གྱི་དོན་དུ་བྱ་བ་ཡི། །བསམ་པའི་ཁུར་ཆེན་ཁྱེར་ཞིག་སྙོམ་ལས་མཁན། །གཞན་སྐྱོན་རྟོག་ལས་རང་གི་ཉེས་འཕེལ་བས། །མ་དག་གཞན་གྱི་ཉེས་པ་མི་བསམ་པར། །གཞན་གྱི་དགེ་བ་ཕྲ་རགས་ཐམས་ཅད་ལ། །ཡི་རང་དགའ་བ་སྒོམ་ཤིག་སྙོམ་ལས་མཁན། །ཁ་ཟས་བཟང་ཡང་དུག་དང་འདྲེས་གྱུར་ན། །ལུས་འཚོའི་སྨན་དུ་མི་འགྱུར་ཇི་བཞིན་དུ། །རང་ལ་ཆོས་བརྒྱད་འདྲེས་པའི་སྐྱོན་འདུག་ན། །དེའང་རིང་དུ་སྤོངས་ཤིག་སྙོམ་ལས་མཁན།།