R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༠༣ན-༣༩༥
[A:༡༠༣ན-༣༩༥] ༄༅། །འདི་རྣེམ་ན་ཡོད་པར་སྣང་ཞིང། གཞན་མ་ལུས་ཡོད་པ་སྙམ་གཏན་ནས་མི་འབྱུང་བ་འདུག་ཅེས་ངོ་མཚར་བའི་ལྟས་མང་པོའི་ཞལ་ཏ་གནང། དེ་ནས་བདག་གིས། རྗེ་དྲུང་དུ་ཕྱིན་ཏེ་དཔོན་གཡོག་གཉིས་ཀྱི་ཐུགས་ཉམས་འབར་བ་རྣམས་ཀྱི་སྐད་ཆ་ཕུལ་བ་ན། སྐུ་མཚམས་བཅད་རྒྱ་གནང་ཁར། དཔལ་འབྱོར་བརྟན་ནས་མཆོད་ཡོན་དྲུང་དུ་སྙན་བསྐུལ་དང། བུམ་ཐལ་སྦྱོར་བའི་འཕྲོད་རྟེན་གནང་ལུགས་སོགས་ཀྱི་སྐབས་སུ། སྐུ་རྩེད་ཀྱི་རྣམ་པའི་ཚུལ་འདི་དག་ཀྱང་གནང་སྟེ། ང་སྒྲོ་བ་ངན་ཏེ་ལུང་ཐག་བཟང། གེགས་སེལ་ཐལ་བ་ལ་རེ་བའི་བླ་མ་ང་མིན་ཞེས་ཀུ་རེའི་ཚུལ་གནང་ཞིང། ད་དེ་མི་རྒན་གྱི་བསམ་པའང་རྫོགས་པ་བྱེད་དགོས་ཤེས་བཀའ་སྩལ་བ་ལྟར། ཞབས་འབྲིང་ན་འཁོད་པ་ཀུན་གྱིས་ངལ་བ་མཐའ་དག་སོས་ཏེ་བདེ་བའི་དགའ་སྟོན་འབའ་ཞིག་གིས་འཚོ་བར་གྱུར་ཏོ། །དེ་ནས་ཟླབ་དང་པོའི་བར་དུ་དབེན་གནས་དེ་ཉིད་དུ་ཐུགས་བག་ཕབ་སྟེ། སོར་བསམ་སྐུ་རྡོ་རྗེ་བསྙེན་པའི་ཡན་ལག། སྲོག་འཛིན་གསུང་རྡོ་རྗེ་སྒྲུབ་པའི་ཡན་ལག་ཏེ་ཡན་ལག་དང་པོ་བཞི་རང་རང་གི་རྟགས་ཚད་ཇི་ལྟ་བ་བཞིན་རྫོགས་པའི་ཚུལ་གྱིས་མྱོང་ཁྲིད་དུ་ཐུགས་ཉམས་སུ་བསྟར་ཞིང། དེ་དག་གི་ཚེ་ངོ་སྤྲོད་སྐབས་སུ་གང་དང་གང་བབ། སངས་རྒྱས་ཞལ་འདི་གང་གི་ཐུགས་དང་ཞལ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མའོ། །