R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༠༤བ-༣༩༨
[A:༡༠༤བ-༣༩༨] ལས་སླར་གཞིས་ཀ་ལྷུན་གྲུབ་གླིང་དུ་ཕེབས་དུས་མངོན་དཀྱིལ་གཟིགས་པ་གནང། དེའི་སང་ཉིན་གཟའ་སྐར་འཕྲོད་སྦྱོར་བཟང་བ་དང་བསྟུན། སློབ་དཔོན་ཀུན་དགའ་རྒྱལ་པོས་མཆོད་གཡོག་དང་ཆོ་གའི་ཕྱག་ཕྱི་མཛད་པ་ཆོ་ག་སྟ་གོན་སོགས་ཕྱག་ལེན་བཞིན་རྒྱས་པར་གནང། དེའི་ཚེ་བདེ་ཆེན་པ་བྱས་བས། ཇོ་སྟན་མཁན་པོས་གསང་སྔགས་ཀྱི་ལག་ལེན། ཁྱད་པར་ཕུར་པའི་ཕྱག་ལེན་རང་ཇི་ལྟར་ཡོང་ངམ། དེ་རིང་སློབ་དཔོན་པས་མཛད་པས་རམ་འདེགས་ཀྱི་རྣམ་པས་སོ། སང་དངོས་གཞིའི་དུས་སུ་ཇི་ལྟ་བྱེད་བལྟའོ་ཞེས་ཟེར། སང་ཉིན་བདག་མདུན་གྱི་དཀྱིལ་འཁོར་བསྒྲུབ་པ་སོགས་མཆོད་ཡོན་ལྷན་དུ་གནང། དེ་ནས་དངོས་གཞིའི་དུས་ཡོལ་བའི་ཕྱིར་འཇུག་པ་རྣམས་སྐབས་སུ་བབ་པའི་བཤད་པ་དང་བཅས་པ་གནང་ཞིང། ནང་འཇུག་གི་དུས་རྟེན་གཞལ་ཡས་ཁང་ངོ་སྤྲོད་པ་ལ། ཨེ་ལས་མཁའ་དབྱིངས་དག་པ་ནམ་མཁའི་དཀྱིལ། །ཡཾ་ལས་རླུང་ཆེན་རྒྱ་གྲམ་སྲ་ཞིང་བརྟན། །ཞེས་པ་ནས། ཀཾ་ཀ་ལ་སོགས་ཕེཾ་སྒྲ་སྒྲོག་པས་གང། །ཞེས་པའི་བར་མངོན་རྟོགས་བཀླག་པ་དོན་འགྲུབ་ལྟར་སྣང་ཞིང། བརྟེན་པ་ལྷ་ངོ་སྤྲོད་པའི་སྐབས་སུ། གཞལ་ཡས་ཁང་གིས་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཞལ་ཕྱག་དྲུག་པ་སྐུ་མདོག་མཐིང་ནག་གཡས་དཀར་གཡོན་དམར་བ་བཞེས་པ་སོགས། ཡབ་ཡུམ་གཙོ་འཁོར་ཐམས་ཅད་