R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༠༥བ-༤༠༠
[A:༡༠༥བ-༤༠༠] ནས། རིམ་པས་བཏེག་སྟེ། ཐམས་ཅད་མཁྱེན་པའི་དྲུང་དུ་ཕེབས། དེ་ཉིད་ཀྱི་མོད་ནས་ཐུགས་བཞེད་བསྐང་བའི་གསུང་ཆོས་ཕུལ་བའི་ཐོག་མར། གཉག་དབོན་རིན་པོ་ཆེས་མཛད་པའི་མངོན་རྟོགས་ལེགས་བཤད་ཀུན་འདུས་དང། དཀྱིལ་ཆོག་གཅིག་ཤོས་ཀུན་གྲོལ་གྱི་སྟེང་ནས། དམར་ནག་དཀྱིལ་འཁོར་དྲུག་གམ་བདུན་དུ་གྲགས་པའི་རྡུལ་མཚོན་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། འཇིགས་བྱེད་ལྷ་བཅུ་གསུམ་མ་དང། ཞེ་གཅིག་མ། རོ་ལངས་བརྒྱད་སྐོར། ཞེ་དགུ་མ། གཤེད་དམར་ལྷ་བཅུ་གསུམ་མ། དགྲ་ནག། གདོང་དྲུག་ཉེར་གཅིག་མ། གཞན་ཡང་གསང་འདུས་གཉིས་མེད་རྣམ་རྒྱལ། བདེ་མཆོག་མཁའ་འགྲོ་རྒྱ་མཚོ། གསང་འདུས་འཇིག་རྟེན་དབང་ཕྱུག། གསང་འདུས་འཇམ་དཔལ་རྡོ་རྗེ། གཙུག་གཏོར་དགུ་པ། མགོན་པོ་མི་འཁྲུགས་པ་རྣམས་ཀྱི་དབང། དེའི་དབང་གི་དུས་ས་ཆོག་སྟ་གོན་རྣམས་གྲུབ་རྗེས། དཀྱིལ་འཁོར་བྲི་བ་དང་། དཔོན་སློབ་རྣམས་ཀྱི་སློབ་མ་སྟ་གོན་གྲོལ། གཟིམས་ཆུང་སོ་སོར་ཕེབས། ཞལ་སྔ་ནས་དཀྱིལ་འཁོར་ལ་གཟིགས་ཏེ། གཟིམས་ཆུང་དུ་ཕེབས་མ་ཐག མཆོད་གཡོག་རྣམ་རྒྱལ་བ་བོས་ཤོག་བཀའ་ཕེབས། ཞབས་དྲུང་དུ་ཕྱིན་པས། དཔོན་སློབ་རྣམས་ཀྱི་མི་འཁྲུགས་པའི་དཀྱིལ་འཁོར་འདི་དང། བུ་སྟོན་རིན་པོ་ཆེས་མཛད་པའི་མངོན་དཀྱིལ་ལས་བྱུང་བའི་དཀྱིལ་འཁོར་གཏན་མི་འདྲ་བ་འདུག་པས་ཇི་ལྟར་ཡིག་མཁན་