[A:༡༠༦བ-༤༠༢] པའམ་ཁོ་ནའོ་ཞེས། སྤྱན་སྔ་ཆོས་ཀྱི་གྲགས་པས་བསྔགས་པར་མཛད་པ་ནི་ཆེས་ངོ་མཚར་བའོ། །དེ་ཀའི་མོད་ནས་སྤྱོད་རྒྱུད་རྣམ་སྣང་མངོན་བྱང་དང། བྱ་རྒྱུད་བསྲུང་བ་ལྔའི་དབང་སོགས་རྒྱུད་སྡེ་བཞིའི་དཀྱིལ་འཁོར་ལྔ་བཅུ་ཕྱིན་གྱི་ཟུར་བཀའ་གསན་པའི་མཐར། ཞབས་བརྟན་པའི་ཆེད་དུ་ཚེ་དཔག་མེད་འཆི་མེད་རྔ་སྒྲའི་དབང། མ་གཅིག་གྲུབ་རྒྱལ་ནས་རྒྱུད་པ་གསང་སྒྲུབ་ལྷ་བཅུ་དགུའི་དབང། ནང་སྒྲུབ་ལྷ་བཅུ་བཞིའི་དབང་སོགས་གསན་ཏེ་སླར་ཡང་དར་ལུང་ཆོས་སྡིང་དུ་ཕེབས། སྐལ་བ་དང་ལྡན་པའི་གདུལ་བྱ་མཐའ་དག་ལ་སྦྱོར་དྲུག དམར་ཁྲིད། སྙིང་པོ་དོན་གསུམ། ཕྱག་ཆེན་འཆིང་བ་རྣམ་གྲོལ་སོགས་གནང། སྐབས་དེར་ཆོས་གྲྭར་འཚོགས་པ་ལ་ལ་དག་གཞན་སྟོང་གི་གྲུབ་མཐའ་འཛིན། ལ་ལ་ཕྱག་ཆེན་དང་རྣམ་རྟོག་ཆོས་སྐུའི་སྒྲུབ་མཐའ་ཕྱོགས་སུ་གཟུང་ནས་རྩོད་པའི་ཚེ། རྗེའི་གསུང་ལས། ཨ་རྣམ་རྟོག་ཆོས་སྐུ་ཡིན་ནོ་བྱས་ཀྱང། །ཡིན་ནས་ཡིན་རྒྱུ་ཅི་ཡང་མི་གདའ། །རང་ངོ་གསལ་སྟོང་གི་ངང་ལ་ཞོག་ཐོང། །རྣམ་རྟོག་ཆོས་སྐུ་མིན་ནོ་བྱས་ཀྱང། །མིན་ནས་མིན་རྒྱུ་ཅི་ཡང་མི་གདའ། རང་སེམས་སོ་མ་ལྷུག་པོར་གློད་ཐོང། ཡིན་དང་མ་ཡིན་གང་དུ་སྨྲས་ཀྱང། མཐའ་འཛིིན་བྱེད་རྒྱུ་ཅི་ཡང་མི་གདའ ཁོ་བོས་དགག་དང་སྒྲུབ་རྒྱུ་མ་རྙེད་