R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༡༣བ-༤༡༦
[A:༡༡༣བ-༤༡༦] གདན་འདྲེན་དཀའ་བ་དང། སྐུའི་གཡས་གཡོན་ནས་རྟེན་དགོས་པ་སོགས་ཀྱིས། ནང་སོ་རྣམ་པའི་དགོངས་པ་གཞིས་ཁ་དེ་ཀར་ཞིང་བརྗེ་བ་ལྟ་བུ་ཞིག་ཐུགས་འདུན་ལ་ཤར་འདུག་རུང། གསོལ་ཇ་སྦྱོར་གཅིག་སོང་རྗེས། སྐུ་ངལ་འང་ཅུང་ཟད་སོས་ཏེ། ནང་སོ་རྣམ་པ་ལ་གསུང་ཆོས་འབུལ་དགོས་འདུག་ན་དོ་ནུབ་དགོངས་པ་དང་སྦྱར། སང་ངེད་རང་ཚོ་འགྲོ་བས་གཏུགས་ཡོང་བས་དེ་ལྟར་ཞུས་ཕེབས་པ། དེ་འདྲ་གནང་མི་ཐུབ་བམ། ངེད་ཚོ་ལྟར་ན་དེ་རིང་སང་བཞུགས་ཡུལ་འདི་ཀར་གནང། རྒྱལ་ཆེན་གླིང་ཚོར་ཞུ་འཕྲོད་ཙམ་ཕུལ་ན་ལེགས་སམ་ཞུ་བ་ལ། སང་གཤོལ་ཐབས་མི་འདུག་པས། གསུང་ཆོས་ཐུགས་ལ་གང་བཞེད་དོ་རྒོངས་རང་ཞུ་བ་འཐད་ཞུས་པས། དེ་ལྟར་ན། སྒྲོལ་དཀར་གྱི་རྗེས་གནང་ཚེ་ཁྲིད་དང་བཅས་པ། ཚེ་དབང། རྟ་མགྲིན་ཚར་འགའ་ཤས། སེམས་ལ་ཕན་པའི་ངོ་སྤྲོད་གལ་ཆེ་བ་བཞིན་སྙན་དུ་ཕུལ་བ། དབང་རྗེས་གནང་ངོ་སྤྲོད་དང་བཅས་པ་དགོངས་པ་དང་འབྱོར་བ་གནང་བས་སྔར་བས་ཀྱང་དད་པར་གྱུར། དེ་ནས་གཟིམས་ཆུང་དུ་ཕེབས་ཚེ། རྗེ་བཙུན་འདི་ནི་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྤྲུལ་པར་འདུག། ཁ་ས་ཆིབས་ཐོག་ནས་ཕེབས་དུས་དགུང་ལོ་བརྒྱ་ལྷག་ལོན་པའི་བགྲེས་ཉམས་ཤིན་ཏུ་ཆེ་བ་ལ། གསུང་ཆོས་གནང་དུས་གཞོན་ནུ་བཤད་སྦྱང་བྱེད་པ་ལྟར་འཐོགས་བརྡུགས་མེད་པར་གནང་བ་འདི་ལྟ་བུ་ནི་བདག་ཅག་རྣམས་ལ་