R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༢༢བ-༤༣༤
[A:༡༢༢བ-༤༣༤] ཁོ་ནར་སོན་པ་ལགས་ཤེས་ཞུ་བ་གནང་། ཐུགས་ཀྱི་བརྣག་པ་བཟང་པོ་དྲི་མ་མེད་པ་ཟླ་ཤེལ་དག་པ་ལྟར་དཀར་བའི་ར་བ་མཐའ་དག་ཡོངས་སུ་གཏམས་པའི་རྣམ་འགྱུར་གྱི་རོལ་པ་གྲངས་མེད་པར་སྟོན་པ་དང་འབེལ་བའི་བཀའ་མཆིད་ཀྱང་ཟབ་པ་དང་རྒྱ་ཆེ་བས། དགྱེས་དགུར་རོལ་བ་སོགས་དཔེ་མེད་པའི་ངོ་མཚར་གྱི་རི་མོ་མཐའ་ཡས་པ་ལས་ཀྱང་ཆེས་མཐའ་ཡས་པའི་བཀོད་པ་མཆོག་ཏུ་གསལ་བའི་དཔལ་ཡོན་གྱིས། བདག་ཅག་ཐ་མལ་པ་རྣམས་ཀྱང་འཇིག་རྟེན་འདིའི་སྣང་བ་ནུབ་སྟེ། འོག་མིན་ནམ། བདེ་བ་ཅན་ནམ། ཀ་ལཱ་སའི་གྲོང་གི་ཞིང་རྣམས་དག་པའོ་སྙམ་པའི་དག་པའི་སྣང་བ་དང་ལྡན་པར་གྱུར་ཏོ། །དེ་ནས་ཉིན་རེ་བཞིན་ཡབ་སྲས་མཇལ་བའི་ལྟ་བུའི་དགྱེས་པ་མུ་མེད་པ་སོགས་ཆོས་བཞིན་པའི་འབྱོར་པ་ཟླ་མེད་པའི་དཔལ་ལ་སྤྱོད་བཞིན་པའི་ངང་ནས་མྱོས་ལྡན་ཞེས་པ་མེ་མོ་ཕག་ལོ་ཆུ་ཤེལ་གྱི་དབང་པོ་རྒྱུ་སྐར་རྒྱལ་གྱིས་ཉ་བའི་ཕྱོགས་ཕྱི་མའི་ལང་ཚོ་གསར་བ་ངོམས་པའི་ཚེ། མཁས་གྲུབ་དུ་མས་ཞབས་ཀྱིས་བཅགས་པའི་བསྟི་གནས་དཔལ་རྣམ་ཐོས་གྱི་རི་བོའི་ལྷ་ཞོལ་རྩེ་ལྷ་སྒང་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཡང་དབེན་བསམ་འཕེལ་དབང་པོའི་ཏོག་གི་གཙུག་ལག་ཁང་དུ། ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་དཔལ་ལྡན་