R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༥༧ན-༥༠༣
[A:༡༥༧ན-༥༠༣] ༄༅། །དེ་ཡང་ཁྱེད་སྐུ་བགྲེས་པས་སྐུ་གཞོན་པའི་ཐུགས་དང་བསྟུན་ལུགས་རྣམས་ཐམས་ཅད་དུ་གལ་ཆེ་བ་འདི་མི་རྒན་གྱི་ཐ་ཚིག་ཏུ་འཛིན་པ་རང་ཅིག་ཅེས་ཀྱང་མཛོད་ཅིག་ཅེས་བཀའ་སྩལ་བ་ན། མི་དབང་ཆེན་པོས། བཀའ་ཕེབས་པ་དེ་རྣམས་སྤྱི་བོའི་གཙུག་ཏུ་འཁུར་བ་ལགས་ཚུལ་གྱི་ཞུ་ལན་རྒྱས་པར་ཕུལ་བའི་མཐར། བདག་གིས་ལམ་བསྡུས་དུས་དེ་གསོ་བ་ཞིག་ཞུས་པ་ན་ཇི་ལྟར་ཡོང་ཞུ་བ་ལ། དེ་ཅིས་ཀྱང་ལེགས། ད་ལྟ་གསོ་བ་ལེགས་གསུང་ཞིང། མཆོད་ཡོན་ལྷན་དུ་ལམ་བསྡུས་དུས་ཀྱི་དབང་ལེན་པ་མཛད་པའི་དབང་བཞི་པ་ལ་ཐུག་པ་དང་དུས་མཉམ་པར་བྱང་ཁང་གསར་བའི་གསོལ་ཇ་སླེབ་པ་དུས་འགྲིག་པས་རྟེན་འབྲེལ་ཤིན་ཏུ་ལེགས་གསུང་ཞིང། དེ་ནས་གསོལ་ཇ་བཞེས་ཟིན་འཕྲལ་དུ་ངེད་ཀྱིས་སྡེ་པ་ལ་རྟེན་འབྲེལ་ཅིག་སྒྲིག་པས་ལི་འགུ་ཐོང་གསུང་བ་བཞིན་ཕྱག་ཏུ་ཕུལ་བས། རྒྱུན་གྱི་གསང་ཆབ་ཆབ་འཛིན་པའི་མཉེལ་བབས་དེས་ཆབ་གར་མ་ཅུང་ཟད་རེ་ལས་འོང་གི་མེད་ནའང། དེ་དུས་གསང་ཆབ་ཤིན་ཏུ་དྭངས་པ་ཞལ་དཀར་ཁེངས་ལྷག་པ་ཞིག་གནང་ཏེ། དེ་མི་དབང་ཆེན་པོའི་ཞལ་དཀར་དུ་བླུག། འདི་ལ་རྟེན་འབྲེལ་གྱི་སྒོ་ཆེན་པོ་ཡོད་པས་ལྷག་མ་ལུས་པར་གསོལ་ཤིག་གསུང་བ་ཕེབས་ཤིང། མི་དབང་ཆེན་པོས་ཀྱང་ཤིན་ཏུ་བཞེས་སྤྲོ་བའི་རྣམ་པར་མཛད་དེ་