R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༦༢ན-༥༡༣
[A:༡༦༢ན-༥༡༣] ༄༅། །བཞེངས་ཏེ་སེང་གེ་བྱོན་གདིང་བ་གཏོད། ད་ཆོས་འཛུགས་རན་ཡོད་པསཁོ་བོ་འགྲོ་བ་ཡིན་གསུང་བ་ན། ཞབས་དྲུང་ན་འཁོད་པ་རྣམས་ཀྱིས་མིག་ནས་མཆི་མའི་རྒྱུན་བླགས་ཏེ་ལུས་ཀྱི་བ་སྤུ་ཐམས་ཅད་དཔྱིད་ཀྱི་སྤུ་ལོང་ལྟར་གཡོ་བཞིན་པས་འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ཞིང་འདིར་བཞུགས་སུ་རེ་བའི་བསམ་པ་བཏང་ནས་ཕྱག་གི་ཐ་མ་འབུལ་ཞིང་སྨྲེ་སྔགས་དང་ལྷན་ཅིག་པར་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ། །ཅི་སྟེ་བདག་ཉིད་ཆེན་པོ་བདག་ཅག་ཞིང་འདིའི་གདུལ་བྱ་རྣམས་ལ་མི་གཟིགས་ན། བདག་ཅག་རྣམས་ཀྱི་སྐྱབས་མགོན་སུ་ལ་རེ། བདག་ཅག་རྣམས་གང་ལ་རེ་ཞིང་གསོལ་བ་འདེབས་ཞེས་ཞུས་སོ། །ཚེ་དེའི་ཚེ་གསུང་ཚངས་པའི་དབྱངས་ལྟ་བུས། སེམས་ལ་འཛིན་པའི་སེལ་མ་གཞུག།།ང་དང་མི་འབྲལ་ཁོ་རེ་ཀུན། །ཞེས་ལན་གསུམ་གསུང་གི་ཐ་མར་བཞག་ཏེ། སྐུ་ལ་སྙུན་བག་མེད་པར་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་ངང་ལས། བདག་ཅག་རྣམས་ཀྱི་དཔལ་ལྡན་བླ་མ་དམ་པ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དེ་ཉིད། གཟུགས་ཀྱི་བཀོད་པ་ཆོས་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་དབྱིངས་སུ་ཐིམ་པར་གྱུར་ཏོ། །དེ་ཡང་ཐུགས་རྣམ་པར་རྟོག་པའི་རླུང་གིས་མི་འཕྲོག་པར། གཟུགས་ཀྱི་དཔལ་མ་ལ་སོགས་པའི་རྡོ་རྗེ་རྣམ་པར་སྒེག་མོ་རྣམས་ནི། སྤྱན་སའི་སྙིང་པོ་ལ་སོགས་པའི་སངས་རྒྱས་ཀྱི་སྲས་པོ་རྣམས་ཀྱི་འོད་གསལ་