R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༦༦བ-༥༢༢
[A:༡༦༦བ-༥༢༢] བའི་རྟེན་སོ་སོ་སྐྱེ་བོ་མཐའ་དག་གི་བསམ་པའི་སྤྱོད་ཡུལ་ལས་བརྒལ་བ་འབྱོན་པར་གདོན་མི་ཟབ་ཉིད་ནའང། མཁའ་ལ་སྤྱོད་པ་རྣམས་ཀྱིས་ཡིད་ལ་དཔྱོ་བ་བྱིན་ཏེ། སླར་ཡང་གྱ་གྱུར་ལྡན་པའི་སེམས་ཀྱིས་གདུང་ལ་མཆོད་པ་འབུལ་བ་མཆོག་གོ་ཞེས་སྒྲོས་ནས། གདུང་ཁང་མིའི་དབང་པོའི་ཕྱག་རྒྱས་བཅིངས་ཏེ་གསོལ་འདེབས་སུ་བྱེད་དོ། །དེའི་ཚེ་སྐྱེ་བོ་ལས་དག་པ་ལ་ལ་དག་གིས་ལྷའི་བུ་མོ་ཡིད་དུ་འོང་བ་མེ་ཏོག་གི་ཆུན་པོ་དག་ཐོགས་ཏེ་གདུང་ཁང་དུ་ཞུགས་པ་སླར་སྣོད་བཟང་པོ་ཐོགས་ནས་ནམ་མཁའ་ལ་འགྲོ་བ་མངོན་སུམ་དུ་སྣང་བ་དང། རྩ་ཁམས་དག་པ་ལ་ལའི་རྨི་ལམ་དུའང་དེ་མཐུན་བྱུང་བའི་སྟབས་ཀྱིས་གདུང་ཞལ་མྱུར་དུ་འབྱེད་པ་ལ་མདུན་ནའང། མཁའ་ལ་སྤྱོད་པའི་གནས་ཁོ་ན་ཕྲིན་ལས་ཀྱི་ཐ་གྲུ་ཡངས་པའི་འཕེན་པ་གཙོ་བོར་གྱུར་པའི་ལྟས་སུ་མངོན་ཏེ། དེ་ཡང་བདག་ཉིད་ཆེན་པོ་ཞིང་ལ་ཐེགས་པའི་དེ་མ་ཐག་ཏུ། ཐམས་ཅད་མཁྱེན་པ་ཀརྨ་པའི་ཞབས་དྲུང་དུ་ཐུགས་དམ་བསྐུལ་བར་གསོལ་བ་འདེབས་པའི་ཞུ་མཆིད་རིན་པོ་ཆེའི་རྟེན་དང་བཅས་པ་འབུལ་བཏང་བ་ན། གཞན་སྣང་དུ་དེ་ལྟ་བུ་ཞུ་བའི་དོན་པོ་རྣམས་སྤྱན་ལམ་དུ་མ་སོན་པའི་སྔ་རོལ་ནས། རྒྱལ་དབང་ཉིད་ཀྱི་བཀའ་ལས། ཁོ་བོའི་མཁན་པོ་རིན་པོ་ཆེ་སྐུ་སྐྱེ་བ་སྔ་མ་དགའ་ལྡན་དུ་རྒྱལ་ཚབ་མ་ཕམ་པའི་དྲུང་དུ་