R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༦༧ན-༥༢༣
[A:༡༦༧ན-༥༢༣] ༄༅། །ཚངས་པར་སྤྱོད་པ་སྤྱད་པ་ཡིན། ད་ལྟ་ཤམྦྷ་ལའི་གླིང་ན་ཆོས་ཀྱི་རྒྱལ་སྲིད་ལ་འཁོད་པར་གྱུར་ཏོ་ཞེས་འཁོར་གྱི་དབུས་སུ་བཀའ་སྩལ་བར་གྱུར། རིམ་གྱིས་ཕོ་ཉ་བ་དག་གིས་ཀྱང་ཞབས་དྲུང་དུ་འབྱོར་ནས་གང་གསོལ་བའི་དོན་པོ་རྣམས་ཕུལ་ཏེ། དེའི་ཚེ་རྒྱལ་དབང་ཀརྨ་པས་རྗེ་འདིའི་དགོངས་པ་རྫོགས་པའི་ཐབས་ལ། ཀོང་པོ་ལུང་པའི་དགེ་འདུན་འདུས་སོ་ཅོག་ལ་བསྙེན་བཀུར་འགྱེད་དང་བཅས་པས་ཉེ་བར་མཆོད་དོ། །དེ་ནས་ཕོ་ཉ་བ་དབང་ཕྱིར་ལྡོག་པའི་ཚེ། རྒྱལ་དབང་གསུང་གིས། ཁྱེད་རང་གཉིས་འདི་ནས་ཡར་སླེབས་དུས་དགོངས་པ་རྫོགས་པའི་ཐབས་དངོས་གཞི་གྲུབ་འགྲོ། འོན་ཀྱང་གདུང་ཞལ་འབྱེད་པ་དང་ངེས་པར་ཐུག་པ་ཞིག་ཡོང་ཏེ། མི་མ་ལགས་པའི་གདུལ་བྱ་སྐལ་བ་ཅན་རྣམས་ཀྱིས་སྤྱན་དྲངས་ཏེ་ཆེར་ལུས་པ་དཀའ། དེ་དུས་ངེད་ལའང་གདུང་གི་སྐལ་བ་རྩོད་ཞིག་ཅིག། ཅེས་བཀའ་སྩལ་བ་ལྟར་ལམ་ལ་ཆས་པ་ན། ལོང་པོར་དུས་འཁྲུག་པའི་རྐྱེན་ལ་བརྟེན། ཁོང་གཉིས་ས་སྐོར་དགོས་པའི་སྟོབས་ཀྱིས་ཞག་བཞི་འགྱངས་འདུག་པ་བཞིན། ཧོར་ཟླ་བདུན་པའི་ཉེར་དྲུག་ལ་གདུང་ཞལ་འབྱེད་རྒྱུའང་རྐྱེན་ཕྲན་བུ་ཙམ་གྱིས་གནམ་གང་གི་བར་འགྱངས། དེ་ནས་གནམ་གང་གི་ཉི་མའི་སྔ་དྲོའི་ཆ་ལ་བབས་