[A:༢༣༦]པས། ད་ལོ་མ་ཤི་ན་ལོ་བརྒྱ་ཙམ་མི་ཐུབ་པའི་ངེས་པ་མི་གདའ་སྟེ། ད་རང་དེ་ཙམ་ཡིན་པ་འདྲ། ཆོས་རྗེ་རྡོ་རྗེ་འཆང་ཆེན་པོ་ལྟ་བུ་མཁས་གྲུབ་བསྟན་པའི་རྩ་ལག་དེ་ལའང་དགུང་ལོ་བདུན་ཅུ་དོན་ལྔ་ཐུབ་པ་ལ་ཀུན་གྱིས་སྐུ་ཚེ་མཐར་ཕྱིན་ཟེར་གྱིན་འདུག །ད་ལོ་འདི་ཙམ་ལོན། བླ་མ་བདུན་ཅུ་དོན་གཉིས་ཀྱི་ཐུགས་ཟིན་སྡོམ་པ་དང་དམ་ཚིག་ལ་གནོང་འགྱོད་ཡེ་མེད། ལམ་འབྲས་ཐོག་མར་ཐོབ་ནས་ད་བར་ལམ་བསྡུས་ཐུན་བཞི་མ་འདི་ཆག་མ་མྱོང༌། བསྟན་པ་དང་སེམས་ཅན་གྱི་དོན་ཡང་བྱེད་ཚད་བྱུང༌། ད་ངའི་ཚབ་མ་ཁྱེད་ཚོས་བྱེད་ལས་ཆེ། རྗེ་བཙུན་རིན་པོ་ཆེས་དགའ་སྟོན་ལ་གདམས་པར་བླ་མའི་རྣལ་འབྱོར་འབྲལ་མེད་དུ་བསྒོམས་ན་བླ་མ་དང་འབྲལ་མེད་དུ་ཡོང་བ་ཡིན་གསུང་པ་དང༌། ངེད་བཀའ་གདམས་པའི་ཇོ་བོ་རྗེའི་གསུང་ལས། སྦྲུལ་གྱི་པགས་པ་བརྗེས་ཀྱང་སྦྲུལ་མི་བརྗེ། །ཁོ་བོ་འཆི་ཚུལ་བསྟན་ཀྱང་ཨ་ཏི་ཤ །གསུང་བ་བདོག་པས་དེ་དང་འདྲ། ཁྱེད་དད་པ་ཡོད་པ་རྣམས་ནི་ང་དང་འདུ་འབྲལ་མེད་པ་ཡིན། ཁྱེད་ཚོ་རྐྱང་པར་མ་ཟད་ཁྱེད་ཚོ་ལ་བློ་གཏད་པ་ཚོའང་ངས་སྐྱོང་བ་ཡིན། །ཨ་ཅང་ཆོས་རྗེའི་དགོངས་པ་ལ་བླ་མའི་སྟོང་འུར་ལ་དགོངས་ཡོང་སྟེ། འབྲོག་མི་ལོ་ཙཱ་བའི་གསུང་སྒྲོས་བྲིས་པ་ལས། བླ་མ་དེ་མནར་མེད་ན་བཞུགས་ཀྱང་རང་གི་སངས་རྒྱས་སུ་མོས་ནས་གསོལ་བ་བཏབ་ན་རང་རྒྱུད་ལ་སངས་རྒྱས་ཀྱི་བྱིན་རླབས་འཇུག་སྟེ། དེ་གཉིས་ཀྱི་ཆོས་ཉིད་ལ་དབྱེ་བ་མེད་པའི་རྟེན་འབྲེལ་ཡིན་བྱ་བ་ཡོད། དེ་ཅིས་ཀྱང་ཡོང་བ་ཡིན་པ་གདའ་གསུང༌། བདག་གི་གསུང་ཆོས་ཀྱི་འཕྲོ་འགའ་ཡོད་པའང་སྐལ་དམན་འགའ་ཞིག་ལ་འཛེམ་པའི་རྣམ་པས་རེས་འགའ་