[A:༢༣༧]ཇ་ཁང་ཆུང་ངུ་ཞིག་ཡོད་པ་སོགས་སུ་ཤུབ་བུས་གནང༌། རེས་ཕྱིའི་སྤང་ཁ་དང་མཆོད་རྟེན་ལ་ཞབས་སྐོར་མཛད་པའི་ཚུལ་གྱིས་ཕྱག་ཕྱིར་འགྲོ་གསུང་ནས་མི་གཞན་མེད་པ་ན་སྐུ་ཁྱེལ་སོགས་མཛད་ནས་གསུང་ཆོས་རྣམས་གནང༌། ཆོས་རྗེ་ལ་འདི་པ་སྔར་ནས་ཅིས་ཀྱང་ཤོད་བསམ་པ་ཡོད་དེ། བྲེལ་བ་དང་སྙོམ་ལས་ཀྱི་དབང་དུ་ལུས་པ་ཡིན། ད་དགའ་རབ་འགྲིག་པས་བློ་བདེ་གསུང༌། གཞན་ཡང་འདས་མ་འོང་གི་གནས་ཚུལ་ལུང་བསྟན་ངོ་མཚར་བ་ཇི་སྙེད་ཅིག་གསུང་གི་གདའ་ནའང༌། སྨྲ་བའི་དུས་ཀྱང་མིན་པ་འདུག་ཅིང༌། ལོག་རྟོག་ཅན་རྣམས་ལས་ངན་གསོག་པ་ལས་མི་འདུག་པས་འདིར་མ་བྲིས། དེ་ནས་མི་སྡིག་ཅན་ཞིག་གི་གྲིབ་ཀྱིས་ཉེར་ལེན་བྱས་པ་ལྟར་སྣང་བས་གསོལ་དང་འགགས་ཤིང་སྐུ་ཤེད་ཆུང་བའི་ཚུལ་ཞག་མང་དག་བྱུང་བ་ལ་གསོལ་བ་བཏབ་སྟེ་སྨན་པ་ལ་བསྟན་པས། ཕྱག་རྩའང་རེས་འགའ་མི་བདེ་བ་སྙམ་བྱེད། དེ་འཕྲལ་ནད་མེད་ཀྱི་རྩར་འགྱུར་བ་སོགས་བློས་དཔག་མི་ཤེས་པར་གྱུར། རྗེ་ཉིད་ཀྱང་ཕལ་ཆེར་ལྟ་སྟངས་དང་བཅས་པའི་མཉམ་གཞག་ཏུ་བཞུགས། བར་མཚམས་སུ་བདག་གཞན་བརྗེ་བའི་གསུང་ཅུང་ཟད་གསུང༌། དྲུང་ན་ཡོད་པ་རྣམས་ལ་སྔར་ལས་ཀྱང་ཐུགས་བདེ་ཉམས་ཆེ་བའི་ཞལ་འཕྲོས་བཞད་གད་སོགས་མང་དུ་མཛད། དེའི་ཚེའང་དེས་སྔ་ཡན། བདག་ཆེན་རིན་པོ་ཆེའི་ཕྱག་དྲིལ་འདི་ངེད་རང་གི་དམ་ཚིག་རྡོ་རྗེ་དྲིལ་བུར་བཟུང་བ་ཡིན་པས་འདི་དང་དམ་ཚིག་པོ་ཏི་ལམ་འབྲས་གླེགས་བམ་ལྷུང་བཟེད། སྣམ་སྦྱར་ཙམ་མ་གཏོགས་བདག་ཏུ་གཟུང་