[A:༡༦༠]པདྨས་རྗེས་བཟུང་རིག་སྔགས་འཆང་བའི་གཙོས། །པདྨའི་བཀའ་བཞིན་འཕྲིན་ལས་མཚན་མ་ཕུལ། །པདྨས་ལུང་སྟོན་བྲམ་ཟེ་ཆེན་པོ་ཞེས། །པདྨ་གླིང་པས་འཛམ་གླིང་ཀུན་ཏུ་བསྒྲགས། །མ་ལུས་ཕྱོགས་ཀྱི་བགྲང་ཡས་རྒྱལ་བ་རྣམས། །བསྐྲུན་མཛད་འཁོར་ལོའི་མགོན་པོ་ཁྱོད་གཅིག་པུ། །ཉེ་ཚེ་སྨྲ་འདི་བདག་བློའི་ཉེས་པར་ཟད། །འོན་ཀྱང་བློ་དམན་གདུལ་བྱའི་སྣང་ངོར་ལགས། །དེ་དག་ལ་འདི་སྐད་ཅེས་བྱ་སྟེ། འཁོར་བ་འཇིག་དང་ལྭ་བའི་ན་བཟའ་ཅན། །བྲམ་ཟེ་མཆོག་སྲེད་བདེ་གཤེགས་ཕག་གྲུ་པ། །རིག་སྔགས་གྲུབ་པའི་རི་སྦུག་རྣལ་འབྱོར་ཞབས། །རྗེ་བཙུན་ཆོས་རྗེའི་སྔོན་གྱི་སྐྱེས་རབས་ཡིན། །གཉིས་པ་ལ་བཞི་སྟེ། རིགས་རུས་ཆོ་འབྲང་ལྡན་པར་སྐུ་འཁྲུངས་ནས་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་ཚུལ། རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་ཡོངས་འཛིན་དམ་པ་རྣམས་བསྟེན་ནས་རྒྱ་ཆེན་ཐོས་བསམ་གྱི་སྒྲོ་འདོགས་དཔྱད་ཚུལ། རྩེ་གཅིག་ཏུ་ཉམས་སུ་བཞེས་པས་ཐུགས་རྒྱུད་ལ་ལུང་རྟོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཁྲུངས་ཤིང་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་ཚུལ། ཞིང་འདིའི་མཛད་པ་མཐར་ཕྱིན་ནས་གཟུགས་ཀྱི་སྐུ་ཆོས་དབྱིངས་སུ་བསྡུས་ཏེ་ཆོས་ཀྱི་སྐུ་རྣམ་པ་ཐམས་ཅད་པ་མངོན་དུ་མཛད་ཚུལ་ལོ། །དང་པོ་ནི། ཚ་བས་གདུངས་ལ་གདུགས་དཀར་བསིལ་ཡབ་དང༌། །ཆགས་ལྡན་གཞོན་ནུའི་ཡིད་ལ་སྨིན་ལེགས་བཞིན། །དམ་པའི་མཛད་པས་གཟུར་གནས་དཔྱོད་ལྡན་གྱི། །སྙིང་ལ་དགའ་བ་མི་སྟེར་སུ་ཞིག་ཡོད། །དེ་ལ་བདག་ཉིད་ཆེན་པོ་འདི་ཉིད་འཁྲུངས་པའི་ཡུལ་ནི། རབ་ཏུ་དཀར་བའི་གངས་རིའི་ཕྲེང་བས་ཀུན་