R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • ཤོག་ལྷེ། (མ་དཔེ། A): ༣༨༣
[A:༣༨༣]ཞལ་སྔ་ནས་གང་བཞུགས་པ་དང༌། སྐུ་གདུང་རིན་པོ་ཆེ་བཞུགས་པའི་ས་ཕྱོགས་སུ་དེང་སང་ཡང་རྒྱུན་མི་ཆད་པར་འབབ་པ་མིག་ལྡན་ཀུན་གྱིས་བསྙོན་མེད་དུ་མཐོང་བ་འདི་ཡིན་མོད། དགུང་ཞག་གྲོལ་ནས་ཀྱང་དཔལ་ཀྱེ་རྡོ་རྗེའི་སྒྲུབ་མཆོད། བླ་མ་མཆོད་པ་ཤིན་ཏུ་རྒྱས་པ་དང་བཅས་པ། ཞབས་རྡུལ་ཡུན་རིང་དུ་བསྟེན་པའི་ཉེ་གནས་པ་ཡེ་ཤེས་རྒྱལ་མཚན་དང་བསྟན་པ་རབ་རྒྱས་པ་གྲོགས་མཆེད་ཀྱིས་ལོ་གཅིག་ཁྱིར་བར་བསྒྲུབས། ཟླ་བ་བྱུང་ངོ་ཅོག་གི་ཉེར་དགུ་ལ་དུས་འཁོར་ལ་སོགས་པ་འོག་ནས་འབྱུང་བའི་དཀྱིལ་འཁོར་འདི་དག་གི་མཎྜལ་སྒྲུབ་མཆོད་རྒྱས་པ་རེ། རེ་མོས་ཀྱི་ཚུལ་དུ་རྡོ་རྗེ་འཛིན་པ་ལྔ་ལྔས་མཛད་ཅིང༌། སྦྲུལ་ལོ་དུས་ཀྱི་མཆོད་པ་ཆེན་པོའི་ཚེ། དཔལ་ཀྱེ་རྡོ་རྗེ། དུས་ཀྱི་འཁོར་ལོ་ཡོངས་རྫོགས། གུར་རིགས་བསྡུས། བདེ་མཆོག་ལོ་ཧི་པ། དཔལ་རྡོ་རྗེ་འཇིགས་བྱེད་རོ་ལངས་བརྒྱད་བསྐོར་རྣམས་རེ་རེའང་རྡོ་རྗེ་འཛིན་པ་ལྔ་ལྔ་སྟེ་དགེ་འདུན་ལྔ་བཅུ་ཙམ་གྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་ཞལ་ཕྱེ་ནས་སྒྲུབ་མཆོད་ཤིན་ཏུ་རྒྱས་པ་གཏོར་སྒྲུབ་དང་བཅས་པ་ཞག་བདུན་གྱི་བར་མཛད་པ་ལ་མཆོད་པ་དང་བསྙེན་བཀུར་བ་བསམ་གྱིས་མི་ཁྱབ་པས་མཉེས་པར་མཛད་པའི་དགེ་བ་རྣམ་དག་གི་རྒྱུན་ཞིག་གནས་གསར་ནས་ཀྱིས་དད་པས་ཀུན་ནས་བླངས་ཏེ་འཛུགས་པར་མཛད་པ། སྤྲེའུའི་ལོ་ཐུབ་ཚུལ་བཞིན་དུ་གནས་མོད། དུས་ཀྱི་ཟིང་ལོག་གི་དབང་ལས་དགེ་བའི་གཞི་རྐྱེན་དེ་དག་ཚོགས་མ་བསགས་པ་ཁ་ཅིག་གིས་དགའ་མགུར་སྤྱད་དེ། ཕྱོགས་དེར་དྲི་མ་མེད་པའི་བསྟན་པ་ཉམས་པར་གྱུར་མོད་ཀྱི། སྦྱིན་པའི་བདག་པོ་ནི་བསོད་ནམས་ཀྱི་ཆེད་དུ་འདུན་པ་མི་ཞན་ཞིང༌། བླ་མའི་སྐུ་དྲིན་