R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • ཤོག་ལྷེ། (མ་དཔེ། B): 25a
[B:25a]ཁང་བླ་བྲང་དུ་བཞུགས་ནས་གདན་སར་ཤར་པ་རིན་རྒྱལ་བ་བཞུགས་སུ་བཅུག དེ་ལྟར་ན་འདིས་ཉེར་བརྒྱད་པ་ནས་ཞེ་ལྔའི་བར་ལོ་བཅོ་བརྒྱད་ཀྱི་རིང་ལ་དཔལ་ལྡན་ས་སྐྱའི་གདན་ས་ཤར་པས་བྱས་པས། ད་ལྟ་ཡང་ཤར་པའི་བླ་མ་ཆེ་འདོན་གྲུབ་པ་རྣམས་ཆོས་ཁྲི་སྟེང་དུ་བྱོན།
ཆོག་པའི་རྒྱུ་མཚན་ཡང་དེ་ཡིན།
བདག་ཉིད་ཆེན་པོ་བགྲེས་ཁར་ང་གཉིས་པ་ལ་རབ་ཏུ་བྱུང་།མཚན་ཨ་མོ་གྷ་དྷྭ་ཛར་གསོལ། ཐུགས་དམ་ཟབ་མོ་ལ་རྩེ་གཅིག་བཞུགས། ལྷ་ཁང་ཆེན་མོའི་ལྕགས་རི་ཆེན་མོ་བཞེངས་པ་སོགས་ཀྱི་ཕྱག་རྗེས་ཀྱང་བཞག ཐུགས་བསྐྱེད་བཟང་བ་དང་བླ་མ་ཡི་དམ་གྱི་བྱིན་བརླབས་ཞུགས་ཤིང་ཆོས་སྐྱོང་འདི་རྣམས་བྲན་དུ་འཁོལ་བས་ས་སྐྱའི་ཆོས་དང་ཟང་ཟིང་གཉིས་ཀ་འདིའི་དུས་ཁོ་ན་དཔལ་འབྱོར་ཆེ་བར་གྲགས་པའི་ངང་ནས་དགུང་ལོ་རེ་གསུམ་བཞེས་པ་ཤིང་ཕོ་བྱི་བ་ལ་གཞི་ཐོག་གཟིམ་ཁང་དུ་གཤེགས་སོ། །ཞེ་ལྔ་པ་ལ་བུ་ཡན་དུ་རྒྱལ་པོས་གུ་ཤྲཱིའི་ལུང་གནང་བ་ནས་གཤེགས་གཤེགས་ཀྱི་བར་གདན་ས་མཛད་དོ། །བླ་མ་དེས་རྒྱལ་པོའི་ལུང་ལྟར་གདུང་བརྒྱུད་སྤེལ་བའི་ཕྱིར་དུ་བཙུན་མོ་དྲུག་ཁབ་ཏུ་བཞེས་པ་
[A:53] ནི། རྒྱལ་པོས་གནང་བའི་ཧོར་མོ། དཔོན་ཆེན་ཨག་གླེན་གྱི་ཇོ་མོ་ཕུལ་བའི་མང་མཁར་མ་ཀུན་དགའ་འབུམ། གཞན་ཡང་ཀུན་དགའ་ནམ་མཁའི་རྒྱན། ནམ་མཁའ་རྒྱལ་མོ། རེད་མདའ་མ་ཉི་མ་རིན་ཆེན། ཞལ་ལུ་མ་གཞོན་ནུ་འབུམ་རྣམས་སོ། །དང་པོ་ལ་སྲས་བསོད་ནམས་བཟང་པོ། འདིས་སྐུ་གཞོན་དུས་བྱང་ངོས་སུ་གུའི་གུང་མཛད། དེ་རྟིང་རྒྱལ་པོ་ཡུ་པ་རྟས་པཱ་ལེན་དབང་གི་མཚན་དང་ལྕམ་མོ་གནང་། སྲས་རཏྣ་ཤྲཱི་བྱ་བ་ཡང་འཁྲུངས་ཏེ།