R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 98
[A:98]
མཆོད་རྟེན་གྱི་ནང་གི་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྤྲོས་ཏེ་སྤྲུལ་པའི་ཆོས་རྒྱལ་ཟླ་བ་བཟང་པོ་སོགས་སྐལ་ལྡན་གྱི་གདུལ་བྱ་རྣམས་སྨིན་པར་མཛད། དེའི་ཕྱི་ལོ་ཆོས་རྒྱལ་ཟླ་བ་བཟང་པོས་དུས་འཁོར་རྩ་བའི་རྒྱུད་བསྡུས། གསན་ཡིག་ཕལ་ཆེར་ལ་ཆོས་རྒྱལ་བདུན་ཞེས་པ་གསལ་ཡང༌། ངག་དབང་བློ་བཟང་རྒྱ་མཚོའི་གསན་ཡིག་སྤར་མར་ཆོས་རྒྱལ་དྲུག་ཅེས་གསལ་འདུག་པས། དེ་བཞིན་འདིར་བཀོད་པ་ཡིན། བྱང་ཕྱོགས་ཤཾ་བྷ་ལར་ཆོས་རྒྱལ་དྲུག་དང་རིགས་ལྡན་བཅུ་དགུ་འདས་ཤིང༌། རྒྱལ་ཁམས་པ་ཏཱ་ར་ན་ཐས་མཛད་པའི་དུས་འཁོར་ཆོས་འབྱུང་གི་རིགས་ལྡན་གོང་རིམ་ལྟར་ན་སྟོབས་ཆེན་ཡིན་འདྲ། གཞན་ལ་གོང་རིམ་མི་འདྲ་བ་སྣ་ཚོགས་ཡོད་ཚོད་འདུག །རིགས་ལྡན་སྟོབས་པོ་ཆེ་ཆོས་ཀྱི་ཁྲིར་འཁོད་པའི་ལོ་སུམ་ཅུ་སོ་བདུན་དུ་སླེབ་པ། དུར་མ་ཏི་ཞེས་པ་ལྕགས་མོ་བྱ་ཡི་ལོ་སྣྲོན་གྱི་ཟླ་བའི་མར་ངོའི་ཉེར་བདུན་ལ་གཟའ་ཕུར་བུ་སྐར་མ་བྲ་ཉེ། འཕྲོད་འཕེལ། སྦྱོར་བ་ལས་བཟང༌། རྟེན་འབྲེལ་སྐྱེ་བ། ཉི་མ་འབྲུག །བྱེད་པ་བག་རྣམས་འཛོམ་པའི་དུས་སུ། བཛྲ་དྷ་ར་སྭ་མི་ཨཱ་ནནྟ་བི་ཛ་ཡ། ཤྲཱི་བྷ་དྲ་ཆེན་པོས་ཕྱག་བཏབ་པའི་སའི་ཆ། གོང་དཀར་རྡོ་རྗེ་གདན་ཞེས་ཡོངས་སུ་གྲགས་པའི་དགེ་འདུན་འདུ་བའི་ཆོས་གྲྭ་ཆེན་པོ་དེ་ཉིད་ཀྱི་ནང་དུ།
སྟོན་པས་ཆུ་ལུག་ལོ་ནག་པའི་ཉ་ལ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོའི་ནང་དུ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས་ནས། ལོ་ཉིས་སྟོང་དང་ལྔ་བརྒྱ་དང་ཉེར་དྲུག་པ། ཆོས་རྒྱལ་བདུན་དང་རིགས་ལྡན་ཉི་ཤུ་པ་སྟོབས་པོ་ཆེ་སེང་ཁྲི་ལ་བཞུགས་ཏེ་ཆོས་བསྟན་ནས་ལོ་སོ་གསུམ་པ། གྲོ་ཞུན་གྱི་ཉ་བའི་ཚེས་ལྔ། གཟའ་ལྷག་པ་སྐར་མ་མིག་བཞི། སྦྱོར་བ་ཞི་བ། བྱེད་པ་བྱིས་པ་འཛོམ་པའི་དུས་སུ། ཐུགས་གསུང་སྐུའི་དཀྱིལ་འཁོར་ལ་ལྷ་དྲུག་བརྒྱ་དང་ཞེ་གཉིས། ཡབ་ཡུམ་གཅིག་ཏུ་བགྲངས་ན་ལྷ་ལྔ་བརྒྱ་དང་དོན་གཅིག །འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཞི་སོགས་བཞུགས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཡིག་ཆ་འབའ་ཞིག་ནས་
དབང་གོང་མའི་འཆད་ཐབས་ཆོས་རྗེ་ཕྲིན་ལས་རྣམ་རྒྱལ་གྱིས་མཛད་པའི་སྤྱོད་ལྡན་སྤྱན་གཟིགས་བཅས་ཀྱི་སྟེང་ནས་
ཐུན་མོང་བྱིས་པ་འཇུག་པའི་དབང་བདུན། གོང་མ་ཀུན་རྫོབ་དྲང་