R986: ཐོབ་ཡིག་བུམ་པ་བཟང་པོ།

  • ཤོག་ལྷེ། (མ་དཔེ། A): 126
[A:126]འགོག་པའི་ལམ་གཉིས་ནི་གོང་དུ་གསེབ་ཚགས་ལ་བསྟན་གྱིས་སྐབས་འདིར་ཡིག་ཆ་ལོགས་པ་མེད་དོ། །གསུམ་པ་དེ་དག་གི་རྒྱབ་རྟེན་བསྟན་པ་ལ། ལུང་སྦྱོར་དང༌། ལོ་རྒྱུས་གཉིས། དང་པོ་ལ། ལུང་འདི་ཉིད་དང་མདོར་བསྡུས་ཏེ་སྦྱར་བ། ལུང་མཐའ་དག་དང་མདོར་བསྡུས་ཏེ་སྦྱར་བ། ལུང་འདི་ཉིད་དང་ཞིབ་ཏུ་སྦྱར་བ་སྟེ་གསུམ། དང་པོ་ནི། དབུ་ན༑ སྤྱིར་ལམ་དང་འབྲས་བུ་ཐམས་ཅད་ཚད་མ་བཞི་དང་ལྡན་ན་ཡང༌། ཞེས་སོགས་ཡོད་པ་དེ་ཡིན་ནོ། །གཉིས་པ་ནི། རྗེ་བཙུན་རིན་ཆེན་དམ་པའི་གསུང་གང་ཞིག །ཅེས་སོགས་ཡོད་པ་དེ་ཡིན། གསུམ་པ་ནི་གླེགས་བམ་ཁྲོད་དུ་མི་བཞུགས་གུད་ན་ཡོད་གསུང་བས། ཕྲ་མོའི་ཁྲོད་ཀྱི་ས་ཆེན་གྱིས་མཛད་པར་གྲགས་པ་དེ་དང༌། རྩེ་མོས་མཛད་པར་གྲགས་པ། དབུ་ན། བརྩེ་ཆེན་གང་གི་བློ་གྲོས་ཀྱིས། །ཞེས་སོགས་ཡོད་པ་དེ་གཉིས་གང་རུང་གཅིག་ཡིན་པར་སེམས་ཏེ། དེ་དག་ལས་གཞན་པའི་ལུང་སྦྱོར་ལུང་རྒྱུན་ཆད་པ་ཁོ་བོས་སྔན་ཆད་མ་ཐོས་སོ། །
ཞེས་ཉི་གླིང་རྗེ་གསུང༌།
ལུང་སྦྱོར་འདི་གསུམ་རྗེ་པའི་དཀར་ཆག་གི་དོན་དང་མཐུན་པར་ཡོད་པས། བདག་གི་བླ་མའི་དགོངས་པ་ཡང་འདི་ཁོ་ནའོ། ། གཉིས་པ་ལོ་རྒྱུས་ལ། བླ་མ་བོད་ཀྱི་ལོ་རྒྱུས་དང༌། རྒྱ་གར་བའི་ལོ་རྒྱུས་ཀྱི་ཡི་གེ་གཉིས་སོ༑ ༑དེ་དག་ལས། ཕྱི་ན་བཞུགས་པ་དབང་ཆུ་ཆེན་མོ་སོགས་བདུན་ཁ་བསྐང་བས། ལམ་འབྲས་གླེགས་བམ་དུ་གྲགས་པ་དེའི་ལུང༌། ད་ནི་བཞི་པ་ཡི་གེ་ཞལ་འཕངས་བསྟན་པ་ཞེས་པས། ཕྲ་མོའི་གླེགས་བམ་སྟེ། སྤྱི་སྡོམ་ནི། ཡི་གེ་ཕྲ་མོ་ལྔ་བཅུ་རྩ་གཉིས་ཏེ། ། ཞེས་སོ། །དེའང༌། བཅུ་དྲུག་གཅིག་ལྔ་བཅོ་བརྒྱད་བཅུ་གཉིས་ནི། །ཞེས་པས་ས་ཆེན་གྱི་བཅུ་དྲུག །རྩེ་མོའི་གཅིག །རྗེ་པའི་ལྔ། ས་པཎྜི་ཏའི་བཅོ་བརྒྱད། འཕགས་པའི་བཅུ་གཉིས། དེའང༌། ས་ཆེན་གྱི་ལ། བྱིན་བརླབས་ཀྱི་ཡི་གེ །གགས་སེལ་གྱི་ཡི་གེ །སྤྱི་འགྲོའི་ཡི་གེ་སྟེ་གསུམ། དང་པོ་ལ། ཡབ་ཀྱི་བྱིན་བརླབས། ཡུམ་གྱི་བྱིན་བརླབས།