h2. Teachers
ཁོང་ནི་མངའ་རིས་སུ་ཡབ་བཟོད་པ་དཔལ་དང། ཡུམ་པདྨ་བཙུན་གཉིས་ཀྱི་སྲས་སུ་ཤིང་ཕོ་རྟ་ལོར་སྐུ་བལྟམས། དགུང་ལོ་བཞི་ལ་བྱམས་པའི་ཆོས་ལྔ་ཁ་ཏོན་མཛད། དགུང་ལོ་བདུན་ལ་གྲུབ་ཐོབ་བྱང་རིན་པས་རི་ཁྲོད་དུ་གདན་དྲངས་ནས་ཁྲིད་དང་མན་ངག་ཟབ་མོ་གསན་ཅིང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་འཁྲུངས། དགུང་ལོ་དགུ་པར་བླ་མ་རིན་ཆེན་བཟང་པོ་ལས་ཕར་ཚད་གསན། དགུང་ལོ་བཅོ་ལྔ་པར་སྙེ་ཐང་དུ་མཁན་པོ་བཀྲིས་སེང་གེའི་དྲུང་དུ་དགེ་ཚུལ་ཞུས། མཚན་བློ་གྲོས་རྒྱལ་མཚན་དཔལ་བཟང་པོར་གསོལ། དེ་ནས་ར་ལུང་དང། ས་སྐྱ། བྲག་རམ་སོགས་སུ་བྱོན་ཏེ་བླ་མ་ཡེ་ཤེས་རྒྱལ་མཚན། འཇམ་དབྱངས་ཆོས་ཀྱི་རྒྱལ་ཚན། བླ་མ་བསོད་ནམས་བཟང་པོ་སོགས་ལས་འདུལ་བ། མངོན་པ། ཚད་མ། ཕར་ཕྱིན། གུར་བརྟག་སམ་གསུམ། བཤེད་སྐོར། ཞི་བྱེད། ན་རོ་ཆོས་དྲུག་སོགས་མདོ་རྒྱུད་དུ་མའི་མན་ངག་གསན། དཀའ་བཅུ་འཛིན་པའི་གྲགས་པ་བྱུང། དགུང་ལོ་ཉེར་ལྔ་པར་ཞ་ལུར་དུ་མཁན་པོ་རིན་ཆེན་གྲགས་པའི་དྲུང་དུ་བསྙེན་པར་རྫོགས། དེ་ནས་ཆོས་རྗེ་ཀུན་མཁྱེན་གྱི་ཞབས་དྲུང་དུ་འབྲལ་མེད་དུ་བསྟེན་ནས་ཆོས་རྗེ་ལ་མངའ་བའི་ཆོས་སྐོར་ཡོངས་རྫོགས་ཞུས་ཤིང་མཁས་པར་གྱུར། གཞན་ཡང་ཀུན་སྤངས་ཆོས་གྲགས་དཔལ་དང། ལོ་ཙཱ་བ་བློ་གྲོས་བརྟན་པ་སོགས་ལས་ཟབ་ཆོས་དུ་མ་དང། སྒྲ་སོགས་ཐ་སྙད་རིག་གནས་དུ་མ་གསན། བླ་མ་ཟླ་བ་རྒྱལ་མཚན་གྱིས་ས་བཟང་དགའ་ལྡན་གྱི་འཚོགས་དཔོན་དུ་གདན་དྲངས། དགོན་གནས་གཞི་རྟེན་དང་བཅས་པ་ཕུལ་ནས་དེར་བཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་བསྟན་འགྲོའི་དོན་མཛད། མཐར་དགུང་ལོ་གྱ་གསུམ་པ་མེ་ཕག་ལོ་ཐ་སྐར་ཟླ་བའི་ཚེས་བཅོ་ལྔ་ལ་ཞི་བར་གཤེགས།
བྱངས་སེམས་རྒྱལ་བ་ཡེ་ཤེས་ཀྱིས་མཛད་པའི་དཔལ་ལྡན་དུས་ཀྱི་འཁོར་ལོ་ཇོ་ནང་པའི་ལུགས་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་ཤོག་གྲངས་༡༥༩། དེབ་གཟུགས། མི་རིགས་དཔེ་སྐྲུན་ཁང་།
p>. གོང་དཀར་དགའ་བས། [version: 2019-02-03]