h2. Teachers
ཆུ་ཁྱི། ཕྱི་ལོ་༡༣༨༢ ལོར་ཡབ་དབོན་པོ་ནོར་འཕེལ་དང་། ཡུམ་མ་ཅིག་རྡོ་རྗེ་འབུམ་གྱི་སྲས་སུ་ས་སྐྱར་མཐོང་སྨོན་བླ་བྲང་དུ་འཁྲུངས། བིར་ཝ་པ་རྣལ་མ་ཡིན་ཞེས་མཚན་དཔལ་ལྡན་ཆོས་སྐྱོང་དུ་གསོལ། སྐད་རིགས་དང་ཡིག་རིགས་སྣ་ཚོགས་མཁྱེན་པས། འཇམ་མགོན་ས་པཎ་དང་འདྲ་ཞེས། ཐེག་ཆེན་ཆོས་རྗེ་ལས་སྒྲ་གསན་པ་དང་། ཤར་པ་ཡེ་ཤེས་རྒྱལ་མཚན་ལས་དགེ་ཚུལ་ནོད་པའི་མཚན་ལ། ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ་བ་དང་། ཚད་མ་རིགས་གཏེར་ཞོགས་པ་གཅིག་ལ་ཐུགས་སུ་ཆུད་ཅིང་། ཚད་མ་ལ་མཁས་པས་ཐེག་ཆེན་ཆོས་རྗེས་འཇམ་དབྱངས་གྲགས་པའི་དཔལ་ཞེས་ཀྱང་གསོལ། མཁན་ཆེན་གཡག་སྟོན་གྱི་ཕར་ཕྱིན་ཊིཀ་ཆེན་པོའི་རྩོམ་ཡིག་པ་མཛད་དུས། ཊིཀ་ཆེན་བརྩམས་པ་དང༌། ཡི་གེར་བྲི་བ། ཐུགས་ལ་ཟིན་པ་གསུམ་དུས་མཉམ་དུ་བྱུང་ཞིང་ཕར་ཕྱིན་ལེགས་པར་མཁྱེན། ཐེག་ཆེན་ཆོས་རྗེའི་དྲུང་ནས་ལམ་འབྲས་སོགས་གསན་ཏེ་སྲས་ཀྱི་ཐུ་བོར་གྱུར། རྗེ་བཙུན་གོང་མ་ལྔ་ཞལ་གཟིགས་ཏེ། རྒྱལ་བའི་མདུན་ན་རྒྱལ་སྲས་སྦྱིན་པ་དཔལ། །ཞེས་སོགས་ཀྱིས་བསྟོད་པར་མཛད་ཅིང་། ལམ་འབྲས་བླ་བརྒྱུད་ཀྱང་ཕལ་ཆེ་བ་ཞལ་གཟིགས་བྱུང་། གཞན་ཡང་བོ་དོང་ཀུན་དགའ་བཟང་པོ། ལོ་ཙྰ་བ་གྲགས་པ་རྒྱལ་མཚན་སོགས་བསྟེན་ཏེ་བོད་དུ་དར་བའི་ཆོས་ཚུལ་ཕལ་ཆེ་བ་མཐར་ཕྱིན་པར་མཛད། མདོར་ན་སྤྱིར་མདོ་རྒྱུད་མན་ངག་གི་བདག་པོ་དང་། ཁྱད་པར་ས་སྐྱ་པའི་བཀའ་སྲོལ་ལ་འདི་ལས་མཁས་པ་མ་བྱུང་ཞིང་། དེ་ཡང་ས་སྐྱ་ཙམ་མིན་པར། ཆོས་རྗེ་ཁུ་དབོན་ལྟར་བོད་ཀྱི་བཀའ་སྲོལ་ཕལ་ཆེ་བ་མཁས་པར་མཛད། རྗེ་འདིའི་ཞལ་ནས། ང་ལམ་འབྲས་མཁས་པ་ཡིན། ནི་གུ་བ་རྒོད་པོ་ཡིན། སྦྱོར་དྲུག་པ་ཉམས་མྱོང་ཅན་ཡིན་ཞེས་གསུངས༎་ དགུང་ལོ་བཅུ་གསུམ་ནས་གདན་ས་ཆེན་པོར་གྲྭ་སྐོར་དང་། བཅུ་བདུན་ལ་ས་སྐྱར་རྒྱུད་གསུམ་ཐུགས་བཤད། ངམ་རིངས་ཆོས་སྡེར་ལམ་འབྲས་ཐེངས་མང་གནང་བ་ནས། སེ་མཁར་ཆུང་། འདར་ཆོས་སྡིངས་ལ་སོགས་པར་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ཅིང་གདན་ས་དེ་དག་བསྐྱངས་པར་མཛད། གཞན་ཡང་རྗེ་བཟོ་རིག་པ་མཁས་པས། ངམ་རིངས་སུ་བིར་ཝ་པའི་ལྡེ་སྐུ་དང་བྲིས་མ་ངོ་མཚར་ཆེ་བ་དང་། ཀྱེ་རྡོར། གནས་བརྟན་བཅུ་དྲུག མགོན་ཁང་གི་ལོགས་བྲིས། ཀྱེ་རྡོར། གནས་བརྟན་བཅུ་དྲུག་སོགས་མང་། སློབ་མ་ལ། ཆོས་རྗེ་ཨཱ་ནན་ཏ་པ། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག ། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་། ཆོས་སྡིངས་མཁན་པོ་བློ་གྲོས་རྒྱལ་མཚན། ངམ་རིངས་ཀྱི་སེངྒེ་དཔལ་རིན་ཆེན་སོགས་ཤིན་ཏུ་མང། གསུང་རྩོམ་ཡང་། ས་སྐྱའི་ནང་སཾཔུཊའི་འགྲེལ་པ་རྒྱས་ཤོས་རྗེ་འདིའི་ཊིཀ་ཆེན་དེ་ལ་སོགས་མང་དུ་མཛད། མཐར་དགུང་ལོ་ང་ལྔ་པ་མེ་འབྲུག་ ༡༤༣༦ བོད་ཟླ་༨ ཚེས་༢༨ ཉིན་སྐུ་གཤེགས། །
p>. གོང་དཀར་དགའ་བས། [version: 2018-05-10]