R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 117
[A:117]༄༅། །རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་བཞུགས་སོ། ། ༄༅། །འཕགས་པ་ཐུགས་རྗེའི་བདག་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་གུས་པས་ཕྱག་འཚལ་ལོ། །འགྲོ་བའི་རེ་སྐོང་དགོས་འདོད་འབྱུང་བའི་དཔལ།། རྐང་གཉིས་གཙོ་བོ་ཡོན་ཏན་ཀུན་གྱི་གཏེར། །ལྷ་མིའི་སྟོན་པ་ཤཱཀྱའི་རྒྱལ་པོ་ལ།། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཚད་མེད་མཁྱེན་རྩེའི་ཐུགས་རྗེ་རབ་རྒྱས་པས། །གང་ལ་གང་འདུལ་སྤྲུལ་པས་བོད་ཡུལ་གྱི། །འགྲོ་རྣམས་སྨིན་གྲོལ་ལམ་ལ་འགོད་མཛད་པའི། །སྤྱན་རས་གཟིགས་དབང་དེ་ལ་ཕྱག་འཚལ་ ལོ༑ ༑དཔག་མེད་བསོད་ནམས་ལྷུན་གྲུབ་མི་ཡི་བདག །མང་པོས་བཀུར་བའི་གདུང་བརྒྱུད་རིན་པོ་ཆེ། །བུ་རམ་ཤིང་པ་ལ་སོགས་རྒྱ་གར་གྱི། །རྣམ་དག་རྒྱལ་བརྒྱུད་རྣམས་ལ་ཕྱག་འཚལ་ལོ། །བོད་ཡུལ་མཐའ་འཁོབ་མུན་པའི་སྨག་རུམ་འདིར། །དམ་པ་ཆོས་ཀྱི་སྒྲོན་མེ་ཆེན་པོ་སྤར། །བོད་འབངས་སེམས་ཅན་བདེ་ལ་འགོད་མཛད་པ། །སྤྲུལ་པའི་རྒྱལ་བློན་རྣམས་ལ་ཕྱག་འཚལ་ལོ། །ཕན་བདེའི་འབྱུང་གནས་བསླབ་གསུམ་རྒྱན་གྱིས་མཛེས། །བཀའ་དང་བསྟན་བཅོས་སྒྲ་བསྒྱུར་གཏན་ལ་འབེབས། །སངས་རྒྱས་བསྟན་པ་ཕྱོགས་བཅུར་རྒྱས་མཛད་ པའི། །མཁས་གྲུབ་ལོ་པཎ་རྣམས་ལ་ཕྱག་འཚལ་ལོ། །ཡོན་ཏན་མཐའ་ཡས་བསམ་བྱའི་ཡུལ་ལས་འདས། །སྤྱན་རས་གཟིགས་དང་ཆོས་རྒྱལ་མེས་དབོན་གྱི།།