R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 118
[A:118] མཛད་པའི་རྣམ་ཐར་ཟུར་ཙམ་བསྡུས་པ་འདི། །བདག་བློ་དམན་པས་བཀོད་པར་མི་ནུས་ཀྱང༌། །དད་ལྡན་སྐྱེས་བུ་བསྟན་པའི་རྒྱུས་འདོད་རྣམས། །མོས་གུས་གདུང་བ་དཔག་མེད་སྐྱེ་བ་དང༌། །རྣ་བའི་དགའ་སྟོན་འགྱེད་ཕྱིར་བདག་གིས་བྲི། ། ཞེས་བརྗོད་དེ། དེའང་འཇིག་རྟེན་གྱི་ཁམས་འདིར་དགེ་ལེགས་དང་ཕན་བདེ་ཐམས་ཅད་འབྱུང་བའི་གཞི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡིན་ལ། དེ་དར་ཞིང་རྒྱས་པར་བྱེད་པའི་རྐྱེན། རྒྱ་བོད་ཀྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་དྲིན་ཡིན་པས། དེ་རྣམས་ཀྱི་ལོ་རྒྱུས་རྒྱས་པར་བྱ་ཞིང༌། ཁྱད་པར་དུའང་མཐའ་འཁོབ་ཁ་བ་ཅན་གྱི་ལྗོངས་འདིར་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་ལུང་བསྟན་པ་བཞིན། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེས། གང་ལ་གང་འདུལ་གྱི་སྤྲུལ་པས་སེམས་ཅན་ཐམས་ཅད་ཐར་པ་བྱང་ཆུབ་ཀྱི་ལམ་ལ་འགོད་པར་མཛད་ཅིང༌། ཁྱད་པར་འཕགས་པ་དེའི་ཐུགས་ཀྱི་སྤྲུལ་པ་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་སོགས་པ། ཆོས་རྒྱལ་མེས་དབོན་རིམ་པར་བྱོན་པ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པའི་རྣམ་ཐར་མདོར་བསྡུས་པ་ཞིག་བཤད་ན། ཡིད་ཆེས་ཤིང་ཐེ་ཚོམ་སེལ་བ་ལ། ཆོས་འབྱུང་གི་ལོ་རྒྱུས་འདི་ཐུགས་ལ་བཞག་འཚལ། ། དང་པོ། བསྐལ་པ་ཇི་ལྟར་ཆགས་པ་ནས། རྒྱ་གར་གྱི་ཆོས་རྒྱལ་རིམ་པ་བྱོན་པ་དང༌། སྟོན་པ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་ནས་དམ་པའི་ཆོས་དར་བའི་སྐོར། དེའང་དང་པོ། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་འདི་ནམ་མཁའ་སྟོང་པ་མཐའ་ལས་འདས་པ་ཞིག་ཡོད་པ་ལས། ཕྱོགས་བཅུ་ནས་རླུང་གཡོས་ཏེ། ཕན་