R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 119
[A:119]ཚུན་དུ་ཕུལ་བས་རླུང་རྒྱ་གྲམ་ཞེས་པ་རླུང་གི་དཀྱིལ་འཁོར་ཁ་དོག་སྔོ་སྐྱ་ཤིན་ཏུ་སྲ་བ། རྔམས་སུ་དཔག་ཚད་ས་ཡ་དྲུག་འབུམ་དང༌། རྒྱར་གྲངས་མེད་པ་ཞིག་ཆགས་སོ། །དེའི་སྟེང་དུ་ཆུའི་ཕུང་པོ་ལ་བརྟེན་ནས། རྒྱ་མཚོ་ཆེན་པོ་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཉི་ཤུ། རྒྱར་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་སྟོང་ཕྲག་སུམ་བརྒྱ་ཕྲག་ཕྱེད་དང་ལྔའོ། །དེའི་སྟེང་དུ་གསེར་གྱི་ས་གཞི་ལག་མཐིལ་ལྟར་མཉམ་པ། དཔག་ཚད་སུམ་འབུམ་བཞི་ཁྲི། དེའི་དབུས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རིའི་རྒྱལ་པོ་རི་རབ་ནི། རང་ཐག་གི་ལྟེ་བ་ལྟ་བུར་ལྷུན་གྱིས་གྲུབ་སྟེ། ཤར་དངུལ། ལྷོ་བཻཌཱུརྱ། ནུབ་པདྨ་རཱ་ག བྱང་གསེར་ལས་གྲུབ་པའོ། །རི་རབ་དེ་ནི་དཔག་ཚད་བརྒྱད་ཁྲི་མཚོ་ནང་དུ་ནུབ་སྟེ། བརྒྱད་ཁྲི་སྟེང་དུ་འཕགས་པའོ། །དེ་ལ་ཡོངས་སུ་བསྐོར་བའི་གསེར་གྱི་རི་བདུན་ནི། གཉའ་ཤིང་འཛིན་དཔག་ཚད་བཞི་ཁྲི། གཤོལ་མདའ་འཛིན་ཉི་ཁྲི། སེང་ལྡེང་འཛིན་ཆིག་ཁྲི། བལྟ་ན་སྡུག་ལྔ་སྟོང༌། རྟ་རྣ་གཉིས་སྟོང་ལྔ་བརྒྱ། རྣམ་འདུད་སྟོང་ཉིས་བརྒྱ་ལྔ་བཅུ། མུ་ཁྱུད་འཛིན་དྲུག་བརྒྱ་ཉི་ཤུ་རྩ་ལྔ་ཡོད་དོ། །དེ་རྣམས་ཀྱི་བར་ན་རོལ་པའི་མཚོ་བདུན་ཡོད་དོ། །རི་རབ་ཀྱི་སྟེང་གི་ཁོང་སེང་ལ་ལྷ་མ་ཡིན་གྱི་གྲོང་ཁྱེར་ཡོད་དོ། །རི་རབ་ཀྱི་སྟེང་ན་ནི། སུམ་ཅུ་རྩ་གསུམ་པའི་ལྷའི་གནས་ཡོད་ཅིང༌། དེའི་དབུས་ན་བརྒྱ་བྱིན་གྱི་ཕོ་བྲང་རྣམ་པར་རྒྱལ་བའི་ཁང་བཟངས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཡོད་དོ། །དེའི་སྟེང་དཔག་ཚད་བརྒྱད་ཁྲི་འཕགས་པ་ན་འཐབ་བྲལ་གྱི་ལྷའི་གནས་ཡོད་དོ། །དེའི་སྟེང་དཔག་ཚད་འབུམ་དང་དྲུག་ཁྲི་འཕགས་པ་ན་དགའ་ལྡན་གྱི་ལྷའི་གནས་ཡོད་དོ། །དེའི་སྟཻང་དཔག་ཚད་སུམ་འབུམ་ཉི་ཁྲི་འཕགས་པ་ན། འཕྲུལ་དགའི་ལྷའི་གནས་ཡོད་དོ། །དེའི་སྟེང་དཔག་