R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 120
[A:120]ཚད་དྲུག་འབུམ་བཞི་ཁྲི་འཕགས་པ་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་ཡོད་དོ། །དེ་མན་ཆོད་ནི་འདོད་པའི་ཁམས་པ་ཡིན་ནོ། །དེའི་སྟེང་ན་གཟུགས་ཁམས་དང༌། གཟུགས་མེད་ཁམས་ལ་སོགས་པའི་ལྷའི་གནས་ཐམས་ཅད་ཀྱང་མཆོད་རྟེན་གྱི་བང་རིམ་ལྟ་བུར་ཡོད་ཅིང༌། དེ་རྣམས་ཀྱི་མཐོ་དམན་དང༌། དཔག་ཚད་དང༌། ཚེ་ཚད་དང༌། ལུས་ཀྱི་ཚད་དང༌། ལོངས་སྤྱོད་ཀྱི་ཚད་ཇི་ལྟར་ཡོད་པ་རྣམས་མངོན་པ་ན་གསལ་ལོ། །རི་རབ་ཀྱི་ཤར་ཕྱོགས་ན་ལུས་འཕགས་ཀྱི་གླིང་གླིང་ཕྲན་གཉིས་དང་བཅས་པ་དབྱིབས་ཟླ་གམ་ལྟ་བུར་ཡོད་དོ། །རི་རབ་ཀྱི་ལྷོ་ཕྱོགས་ན་ལྷོ་འཛམ་བུའི་གླིང་གླིང་ཕྲན་གཉིས་དང་བཅས་པ་དབྱིབས་སོག་ཁར་ཡོད་དོ། །རི་རབ་ཀྱི་ནུབ་ཕྱོགས་ན་ནུབ་བ་ལང་སྤྱོད་ཀྱི་གླིང་གླིང་ཕྲན་གཉིས་དང་བཅས་པ་དབྱིབས་ཟླུམ་པོར་ཡོད་དོ། །རི་རབ་ཀྱི་བྱང་ཕྱོགས་ན་བྱང་སྒྲ་མི་སྙན་གྱི་གླིང་གླིང་ཕྲན་གཉིས་དང་བཅས་པ་དབྱིབས་གྲུ་བཞིར་ཡོད་དོ། །རྣམ་འདུད་ས་ནས་དཔག་ཚད་བཞི་ཁྲི་སྟེང་དུ་འཕགས་པའི་ནམ་མཁའ་ལ་དྭངས་ཤིང་རབ་ཏུ་བརྟན་པའི་རླུང་གི་དཀྱིལ་འཁོར་ལ། ཉི་ཟླ་རྒྱུ་སྐར་ལ་སོགས་པ་བརྟེན་ནས་ཡོད་དོ༑ ༑ཉི་ཟླའི་དཔག་ཚད། རྒྱུ་སྐར་གྱི་རྒྱ་ཁྱོན། གླིང་བཞི་གླིང་ཕྲན་གྱི་དཔག་ཚད། མི་རྣམས་ཀྱི་ལོངས་སྤྱོད། ཚེའི་ཚད། ལུས་ཀྱི་ཚད་ལ་སོགས་པ་རབ་ཏུ་རྒྱས་པ་མངོན་པ་ན་གསལ་ལོ། །གླིང་དེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་འཛམ་བུ་གླིང་ཡིན་ཏེ། ཨུ་ཌྱན། གསེར་གླིང༌། སིངྒ་ལའི་གླིང༌། ཟླ་བའི་གླིང་ལ་སོགས་པའི་གླིང་ཕྲན་ཟུར་པ་ཡོད་པ་རྣམས་ཀྱང༌། ལྷོ་འཛམ་བུ་གླིང་ལ་གཏོགས་པ་ཡིན་ནོ༑ ༑དེའང་ཡུལ་དབུས་རྒྱ་གར་གྱི་རྒྱལ་ཁམས་ནི་ཟ་འོག་གི་བླ་བྲེ་ཕུབ་པ་དང་འདྲ་སྟེ། རིན་པོ་ཆེའི་གླིང༌། སོག་པོ་དང༌། ལིའི་ཡུལ་ཤིང་རྟའི་དབྱིབས་འདྲ་སྟེ།