R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 48
[A:48]༄༅། །དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་བཞུགས་སོ། ། ༄༅། །ཤྲཱི་ཀཱ་ལ་ཙཀྲ་ན་མཿ བླ་མ་དཔལ་ལྡན་དུས་འཁོར་ལ། །སྒོ་གསུམ་གུས་པས་ཕྱག་བཙལ་ཏེ། །དུས་འཁོར་བླ་མ་བརྒྱུད་པ་ཡི། །རྣམ་པར་ཐར་པ་བརྗོད་པར་བྱ། །དེ་ལ་རྣམ་པ་དྲུག་ཡིན་ཏེ། །སྟོན་པས་དུས་འཁོར་གསུངས་པའི་ཚུལ། །སྡུས་པ་པོ་ཡིས་བསྡུས་པའི་ཚུལ།། དེ་ཡི་བསྟན་པ་གནས་པའི་ཚུལ། །ཆོས་རྒྱལ་རིམ་པར་བརྒྱུད་པའི་ཚུལ། །འཕགས་པའི་ཡུལ་དུ་དར་བའི་ཚུལ། ཁ་བ་ཅན་དུ་འཕེལ་བའི་ཚུལ། །ལམ་གྱི་རྣམ་གཞག་བཤད་ཚུལ་རྣམས། ། སོ་སོར་ངེས་པར་བྱ་བའོ། །དང་པོ་ནི། ཞིང་གི་གནས་ཚུལ་སྔོན་དུ་འགྲོ་སྟེ། འཛམ་གླིང་ཆུང་ངུ་འདིའི་ལྷོ་ནས་བྱང་དུ་འཕགས་པའི་ཡུལ་དང་། བོད་དང་། ལི་དང་། རྒྱ་ནག་དང་། ཤཾ་བྷ་ལ་དང་། གངས་ལྡན་རྣམས་རིམ་པ་བཞིན་དུ་གནས་སོ། །དེ་ལ་ཤཾ་བྷ་ལའི་ཡུལ་དེ་ཡང་རྒྱར་དཔག་ཚད་སུམ་སྟོང་ཡོད་པ་གངས་རིའི་མུ་ཁྱུད་ཀྱིས་བསྐོར་ཞིང་། ཆུས་བཅད་པའི་ས་པདྨ་འདབ་བརྒྱད་ཀྱི་རྣམ་པར་གནས་པ། དེའི་དབུས་ན་དཔག་ཚད་སྟོང་ཕྲག་གཅིག་པའི་ལྟེ་བ་ཟླུམ་ཞིང་མཐོ་བ་ཀེ་ལ་ཤར་གྲགས་པ། དེའི་དབུས་ན་ཀཱ་ལ་པ་ཞེས་བྱ་བའི་ཕོ་བྲང་ཞེང་དཔག་ཚད་བཅུ་གཉིས་པ་གྲོང་ཁྱེར་བྱེ་བས་ཉེ་བར་བསྐོར་བ། ཕོ་བྲང་དེའི་ལྷོ་ཕྱོགས་ན་མ་ལ་ཡའི་སྐྱེད་མོས་ཚལ། ཚལ་དེའི་ཤར་ན་ཉེ་བའི་ཡིད་ཀྱི་མཚོ། ནུབ་ན་པདྨ་དཀར་པོའི་མཚོ། དེ་གསུམ་ག་དཔག་ཚད་བཅུ་