R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 49
[A:49]གཉིས་ཀྱི་ཚད་མཉམ་པའོ། །ཕྱི་རོལ་གྱི་འདབ་མ་རེ་རེ་ལ་གྲོང་འབུམ་ཕྲག་རེ་རེས་བརྒྱན་པའི་ཡུལ་འཁོར་བརྒྱ་ཕྲག་རེ་རེ་ཡོད་ཅིང་། ཡུལ་ཆེན་པོ་རེ་རེ་ལ་དབང་བསྒྱུར་པའི་རྒྱལ་པོ་དགུ་བཅུ་རྩ་དྲུག་གིས་ཆོས་ཀྱི་འཁོར་ལོས་བསྒྱུར་པའི་རྒྱལ་པོའི་བཀའ་ཉན་ཞིང་འདུད་པར་བྱེད་དོ། །དེ་ལྟར་ན་འདབ་མ་རྣམས་ལ་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ཡོད་དོ། །དེ་རྣམས་ཀྱི་མགོན་དུ་གྱུར་པ་སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་ཉི་མའི་འོད་དང་ཟླ་བཟང་ལ་སོགས་རིམ་པར་བྱོན་ནོ། །ཡང་འཕགས་ཡུལ་གྱི་ལྷོ་ཕྱོགས་སུ་སྔོན་དྲང་སྲོང་གིས་འབྲས་སོ་བའི་ཆར་བབ་པས་འབྲས་སྤུངས་སུ་གྲགས་པ་ནི། མཚོའི་དབུས་སུ་བྲི་དྷ་ནྱ་ཀ་ཊ་ཀ་སྟེ་འབྲས་སྤུངས་ཀྱི་མཆོད་རྟེན་ཕྱེད་མཚོ་ནང་དུ་ནུབ་པ། ནང་དུ་དབུས་སུ་དཔག་ཚད་དྲུག་དང་རྒྱང་གྲགས་གཅིག་ཡོད་པ། བུམ་པའི་ཕྱི་རོལ་གྱི་ཤར་དུ་ཁྱབ་འཇུག །ལྷོར་སྨིན་དྲུག་གི་བུ། ནུབ་ཏུ་ཚངས་པ། བྱང་དུ་དབང་ཕྱུག་གིས་གཙུགས་པའི་ཀ་བ་བདུན་བདུན་ཡོད་པས་རྒྱུ་སྐར་གྱི་དཀྱིལ་འཁོར། མཚོ་དེའི་ཕྱི་རོལ་ཏུ་ར་བ་རིམ་པ་གསུམ། སྒོ་གསུམ་རིམ་པ་གསུམ། དེ་ནས་སྟོན་པས་དུས་འཁོར་གསུངས་ཚུལ་ལ་ཕུན་སུམ་ཚོགས་པ་ལྔ་སྟེ། དུས་ཚོགས་པ་ནི། སྟོན་པ་ཤཱཀྱ་སེངྒེ་འཛམ་བུ་གླིང་དུ་སངས་རྒྱ་བའི་ཚུལ་བསྟན་ནས་ཟླ་བ་བཅུ་གཉིས་སོང་བ་ནག་པའི་ཉ་ལའོ། །གནས་ཕུན་སུམ་ཚོགས་པ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་གྱི་ནང་དུ་བདེ་བ་ཆེན་པོའི་གནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་རྡོ་རྗེ་སེངྒེའི་ཁྲི་ལའོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། ཤཱཀྱ་ཐུབ་པ་དུས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ་འོག་ཏུ་ཆོས་དབྱིངས་གསུང་དབང་གི་དཀྱིལ་འཁོར། སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྤྲོས། དཀྱིལ་འཁོར་བཀོད་པའི་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཁྲོ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་བསྐོར་བའོ། །འཁོར་ཕུན་སུམ་ཚོགས་པ་ནི། ཤཾ་བྷ་ལའི་རྒྱལ་པོ་བགེགས་མཐར་བྱེད་ཀྱི་སྤྲུལ་པ་ཉི་མའི་འོད་དང་། བཙུན་མོ་རྣམ་པར་རྒྱལ་མའི་སྲས་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཟླ་