R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 95
[A:95]པར་འདུག་གསུངས། སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་ནས་གྲུབ་ཆེན་མན་ལུངས་པ་ལྟ་བུ་གཅིག་མཛད་དགོངས་པ་ན། ཀུན་མཁྱེན་ཆེན་པོས་ངེས་དོན་གྱི་ཆོས་སྟོན་པ་ལ་གཙོ་བོར་འདོན་པ་ཞུ་གསུང་བ་ལ་བརྟེན་ནས། སློབ་མ་མཐོ་དམན་རིས་མེད་པ་ཁྱིད་ཀྱི་ཉམས་རྟོགས་ལ་སྦྱོར་བར་མཛད། གཉལ་ཕྱོགས་སུ་ཡང་འགྲོ་དོན་མང་དུ་མཛད། ཕྱིས་ཡར་ཀླུང་ལྷུང་མོ་ན་བཞུགས་དུས། གཡའ་བཟངས་ཁྲི་དཔོན་ཚུལ་འཐུ་འོང་མཆོག་ཏུ་གུས་པར་ཡོད་པ་དེ་འདས་པའི་གཏམ་གསན་པས། ཁོང་ལ་རེས་ས་ང་མ་གཏོགས་མེད་དུ་གསུངས། དེ་མ་ཐག་ཐུགས་དམ་ཟབ་མོས་རྗེས་སུ་བཟུང་བས་ཐོ་རངས་ཤིག་ནམ་མཁའ་ལས། ཨེ་མ་སངས་རྒྱས་ཨེ་སངས་རྒྱས། །ཞེས་སོགས་ཆེད་དུ་བརྗོད་པའི་སྒྲ་གྲགས་པ་གསན། དེ་ནས་མཁན་ཆེན་བསོད་ནམས་འོད་ཟེར་བས། སྟོང་ལུང་གཏེར་མཛོད་དུ་གདན་དྲངས་ནས་བྱི་རྫིང་ཚོགས་པའི་མཁན་པོར་བསྐོས། གཞོན་རྒྱལ་དུ་ཝེན་ཤ་བས་སྦྱིན་བདག་གི་རྩ་བ་བྱས་ཏེ་ཡོ་བྱད་མཐའ་དག་གིས་བསྟབས། ཚོགས་པ་དང་། སྦྱིན་བདག་རྣམས་ལ་ཟབ་ལམ་གྱི་ཁྲིད་སྩལ། ལོ་གཅིག་གི་བསྐྱངས་ནས་མཁན་ཆེན་བསོད་ཤེ་བ་གདན་སར་བསྐོས་ཏེ། ཀུན་མཁྱེན་ཆེན་པོ་སུ་ལ་ཡང་ཕྱག་ལན་མི་མཛད་པ་ཡིན་པ་ལ། རྗེ་འདི་ལ་ངེས་དོན་གྱི་མངའ་བདག་ལ་ཕྱག་འཚལ་ལོ་ཞེས་ཕྱག་ལན་མཛད། ཀུན་མཁྱེན་ཆེན་པོ་དབུས་སུ་གདན་དྲངས། ལྷ་སར་དེའི་སྐུ་འདྲ་བཞེངས། ངེས་དོན་གྱི་བསྟན་པ་འཕེལ་བར་མཛད་ནས་བདེ་བ་ཅན་དུ་གཤེགས་སོ། །གཉིས་པ་རྭ་ལུགས་ནི། པཎྜིཏ་མཉྫཀཱིརྟིས། དུས་ཞབས་པ་ཆུང་བ་ཡབ་སྲས་བསྟེན། ལེགས་པར་སྦྱངས་པས་མཁས་ཤིང་གྲུབ་པ་བརྙེས། མཉྫཧ་ར་ཞེས་པའི་གནས་སུ་བཞུགས། དེའི་སློབ་མ་མནྟ་ཤྲཱི་བྷ་དྲ་ཞེས་བལ་པོ་ཡེ་རང་གི་རོལ་པའི་གྲོང་ཁྱེར་དུ་སྐུ་འཁྲུངས། དེས་དུས་ཞབས་པ་ཆུང་བའི་སློབ་མ་མཁས་པ་ལྔ་ལ་གསན་ཅིང་། ཁྱད་པར་མནྡྲཀཱིརྟིའི་རྗེས་སུ་འབྲང་ངོ་། །དེའི་སློབ་མ་རྭ་ཆོས་རབ་དེས། དུས་ཀྱི་འཁོར་ལོ་དོན་དུ་གཉེར་བར་གྱུར་ཏེ། བལ་པོའི་