R1028: དུས་འཁོར་བླ་མ་བརྒྱུད་པའི་རྣམ་ཐར་།

  • Pagination (Witness A): 96
[A:96]མཐིལ་དུ་བྱོན་ནས། པཎྜི་ཏ་ས་མནྟ་ཤཱི་ལ་ལོ་ལྔ་ཟླ་བ་བཅུ་ཞག་ལྔར་བར་མ་ཆད་པར་བསྟེན་ནས། བཤད་བཀའ་དང་དབང་བཀའ་མན་ངག་བཀའ་དང་བཅས་པ་ཞུས་པས་ལེགས་པར་གནང་སྟེ་པཎྜི་ཏ་བོད་དུ་སྤྱན་དྲངས་ནས་རྒྱུད་འགྲེལ་ཡན་ལག་དང་བཅས་པ་བཤད་སྒྱུར་གཏན་ལ་ཕབ། ཐམས་ཅད་ཀྱིས་བསྙེན་བཀུར་ཆེར་བྱས་ཏེ། ཉི་མ་གཅིག་ལ་གསེར་སྲང་སུམ་བརྒྱ་ཕུལ། གཤེགས་སྐྱེལ་ཡང་སྐྱི་རོང་གི་བར་དུ་མཛད་པས། བླ་མ་ཡང་ཤིན་ཏུ་མཉེས་ཏེ་པཎྜི་ཏ་འབུམ་ཕྲག་གསུམ་པའི་སྲོག་ཞུ། ཆགས་ལྷམ་རྡོར་དྲིལ་དུས་འཁོར་ལུགས་ཀྱི་ཕྱག་ཚད་མ་གནང་ངོ་། །དེ་ལ་ཉིད་ཀྱི་སྲས་བླ་མ་ཡེ་ཤེས་སེངྒེས་གསན་ཅིང་། དེས་ཀྱང་བུམ་པ་གང་བྱོའི་ཚུལ་དུ་ཐུགས་ལ་མཁྱེན་ཅིང་། ཐུགས་ཉམས་སུ་བཞེས་སོ། །དེ་ལ་ཉིད་ཀྱི་སྲས་རྭ་འབུམ་སེང་གིས་ཡོངས་སུ་རྫོགས་པར་གསན་ཅིང་། ཐུགས་ཉམས་སུ་བཞེས་སོ། །དེ་ལ་བླ་མ་གྲྭ་ལོས་ཞུས་སོ། །བླ་མ་སྒྲ་ལོ་ནི་བོད་ཀྱི་རྒྱལ་པོའི་དུས་སུ། བློན་པོ་ཐ་སང་ཤི་ཕོ་ཉར་བཏང་སྟེ། རྒྱ་ནག་ལས་ཧྭ་ཤང་སྤྱན་དྲངས་པ་དང་འབྲེལ་བར་མི་ཉག་ཧྭ་ཤང་དུ་གྱུར་པ་སྤྱན་དྲངས་ཏེ། རྒྱལ་པོའི་མཆོད་གནས་སུ་གྱུར་ཅིང་། ཐེག་པ་ཆེན་པོའི་གཞུང་ལུགས་མ་ཉམས་པར་སྤྱོད་པའི་སྔགས་འཆང་ཤ་སྟག་ཏུ་གྱུར་པའི་བརྒྱུད་ལས། ཡ་འབྲོག་སྒང་དུ་མི་ཉག་གཞོན་ནུ་སྙིང་པོ་ཞེས་བྱ་བ་བྱུང་། དེའི་སྲས་གཞོན་ནུ་སེངྒེ། དེའི་སྲས་རིག་འཛིན་སྙིང་པོ། དེས་རང་གི་རྒྱ་མའི་ཡུལ་དུ་བབས། དེའི་སྲས་རྡོ་སེང་གིས་རོང་མཁར་ཕུག་བཟུང་། དེ་ལ་སྲས་བཞི་བྱུང་པའི་གཅེན་པོ་ཡེ་ཤེས་རྡོ་བྱ་བ་མཁས་ཤིང་གྲུབ་པ་བརྙེས་པ་ཞིག་བྱུང་། དེས་ཕྱག་རྒྱ་ཆེན་པོ་དབྱུག་ཆོས་སུ་གྲགས་པའི་མན་ངག་ལས་གྲུབ་པ་ཐོབ་པ་དབང་ཕྱུག་རྒྱལ་པོ་ཞེས་བྱ་བའི་གདན་ས་དབེན་དམར་བཟུང་། དེའི་སྲས་རྗེ་བཙུན་གྲྭ་ལོ་ནི།
རྩོམ་འཕྲོ་ལུས་འདུག་གོ །།