R1116: ལུང་དང་བརྒྱུད་པ་སྣ་ཚོགས་ཐོབ་པའི་གསན་ཡིག

  • Pagination (Witness A): 539
[A:539]ཆོས་ཀྱི་རྗེ་ཉིད་ལས་ནོས་པ། སློབ་དཔོན་རིན་པོ་ཆེ་སྐྱོབ་པ་དཔལ་ཞེས་བྱ་བ་ལས་འཁོར་ལོ་བདེ་མཆོག་གི་བཤད་པའི་རྒྱུད་མཁའ་འགྲོ་རྒྱ་མཚོ་ཞེས་བྱ་བའི་ལུང་བླངས་སོ།། །།རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ་ནས་ཤྲཱདྡྷཱ་ཀ་ར་ཝརྨའི་བར་སྔར་དང་འདྲ་ལ། དེའི་སློབ་མ་ཁ་ཆེའི་པཎྜི་ཏ་མནྟྲ་ཀ་ལ་ཤ བླ་མ་ཞི་བ་འོད། རྒྱ་སྟོན་སེང་གེ གཉལ་པ་ཉི་མའི་ཤེས་རབ། གནུར་ཉི་མའི་འོད་ཟེར། ཐང་སྟོན་ཇོ་རེག གཉལ་པ་ངོ་རྗེ། སྤུག་སྟོན་དར་རྣམས་ལས་བརྒྱུད་ནས་སློབ་དཔོན་དགེ་བའི་བཤེས་གཉེན་ཉི་མ་དཔལ་ལས། འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་བཤད་པའི་རྒྱུད་ཆེན་པོ་དཔལ་མཆོག་དང་པོ་ཞེས་བྱ་བ་དུམ་བུ་བཞི་པ། སློབ་དཔོན་ཀུན་དགའ་སྙྀང་པོས་མཛད་པའི་འགྲེལ་པ་སྟོང་ཕྲག་ཉི་ཤུ་རྩ་བཞི་པ་དང་བཅས་པ་ཐོས་སོ།། །།ཆོས་རྗེ་པཎ་ཆེན། པཎྜི་ཏ་སརྦ་ཛྙཱ་ཤྲཱི། སྤུག་སྟོན་དར་ལས་བརྒྱུད་ནས་སློབ་དཔོན་དེ་ཉིད་ལས་བྱ་བའི་རྒྱུད་དམ་ཚིག་གསུམ་བཀོད་པའི་རྒྱུད་ཡོངས་སུ་རྫོགས་པ་ཐོས་སོ། ། ཡང་སློབ་དཔོན་ཀླུའི་བྱང་ཆུབ། ཌོམྦི་པ། བི་ར་ཌི་པ། མི་ཏ་པ། ནིཥྐ་ལངྐ་དེ་ཝ། ར་བེནྡྲ༑ བླ་མ་ཆག་ལོ་ཙཱ་བ་ལས་བརྒྱུད་ནས་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པ་ཐོས་སོ།། །། བྲམ་ཟེ་པཎྜི་ཏ་ནག་པོ་ཞབས། བླ་མ་འགོས་ལོ་ཙཱ་བ། ངབ་མི་བྱང་ཆུབ་རྒྱལ་མཚན། རྒྱ་ནམ་མཁའ། ཏྲེ་པོ་ཆོས་བརྩོན། སྤུག་ཇོ་འབུམ། སྤུག་སྟོན་དར་ལས་བརྒྱུད་ནས་གསང་བ་འདུས་པའི་བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བ། བྲམ་ཟེ་ནག་པོ་ཞབས་དེ་ཉིད་ཀྱིས་མཛད་པའི་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཐོས་སོ།། །།པཎྜི་ཏ་ཨ་བྷ་ཡཱ་ཀ་ར་གུཔྟ། ཤུ་བྷཾ་ཀ་ར་གུཔྟ། ཨཱ་ནནྡཱ་ཀ་ར་གུཔྟ། རཏྣ་རཀྵི་ཏ། མ་ཎི་ཀ་ཤྲཱི་ཛྙཱ་ན། བླ་མ་ཆག་ལོ་ཙཱ་བ་ལས་བརྒྱུད་ནས་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་