R1144: མངོན་རྟོགས་རྒྱན་གྱི་འགྲེལ་བ་འཇིག་རྟེན་གསུམ་སྒྲོན། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༢༧༩
[A:༢༧༩]འབྱེད་ཆེ་རྣམས་ཀྱི། །ལེགས་བཤད་ཨུཏྤལ་ཆུན་པོ་ཡིས། །རྣ་ལུང་མཛེས་པར་མ་ཟད་ཀྱི། །མི་ཕམ་སྣང་བས་སྤོབས་བྱས་ཤིང༌། །འཛམ་གླིང་བྱང་ལྗོངས་ཤེར་ཕྱིན་རྒྱས་བྱེད་པའི། །ལུང་བསྟན་མངོན་གྱུར་ཟླ་བའི་འོད་ཟེར་ནི། །གཞོན་ནུར་གྱུར་དེའི་ཉེར་བསྟན་གྱིས་བསྙེམས་པའི། །དཔལ་ལྡན་རང་བྱུང་སྨྲ་ལ་གདེང་ཐོབ་གྱུར། །དེ་ཉིད་སླར་བྱོན་འཇིག་རྟེན་གསུམ། །སྣང་བྱེད་སྒྲོན་མེ་འདེགས་རྩོམ་པའང༌། །སྨྲ་བའི་མཆོག་འདིའི་བསྒོ་སྐལ་དུ། །བསོད་ནམས་གོ་སྐབས་བྱིན་བཞིན་གྱུར། །དེ་ནས་བྱེད་པོ་གཞན་དང་མི་མཉམ་པའི། །རྣམ་དཔྱོད་སྟོབས་བརྒྱས་དྲངས་པའི་རྣམ་བཤད་འདི། །གཞུང་ལུགས་ཀུན་ལ་ཚངས་པའི་ཐུགས་མངའ་འདས་(འདིས)། །རྒྱལ་དབང་མཆོག་དེའི་གདུང་ཚབ་ཇི་བཞིན་སྤྲུལ། །གང་འདིས་ཤེར་ཕྱིན་ཕྱོགས་འདིར་རྒྱས་འགྱུར་བའི། །རྒྱལ་བའི་ལུང་བསྟན་མངོན་དུ་བྱེད་པས་ན། །འདི་ཉིད་ཐོས་བསམ་བསྒོམ་པ་ལྷུར་ལེན་པའི། །སྐྱེ་བོ་སྐར་ཚོགས་ལྟ་བུའི་རེ་སྐོངས་ཕྱིར། །གཅིག་ལས་གླེགས་བམ་མི་ཟད་ཚེགས་མེད་དུ། །འཕོ་བར་བྱེད་པ་པར་གྱི་སྒྱུ་འཕྲུལ་འདི། །ཉིད་ཀྱི་ཐུགས་རྗེ་གཟུགས་ཅན་བཞིན་གྱུར་ལ། །རིགས་ཀྱི་དཔོན་དང་ཆོས་ཀྱི་སྲས་པོ་མཆོག།གཙུག་ལག་གཉིས་ལ་མཁྱེན་སྤྱན་ཐོགས་མེད་ཅིང༌། །དཔའ་མཛངས་འཕྲུལ་ལྡན་སྟོབས་ཀྱི་ཁ་ལོ་བ། །མི་བདག་ཀུན་དགའ་རྣམས་(རྣམ་)རྒྱལ་དཔལ་བཟང་པོས། །རྒྱ་མཚོ་སྐུ་རབ་ལུགས་གཉིས་འདུན་སར་བསྒྲུབས། །དག་བྱེད་རབ་འབྱམས་ཆོས་ལྡན་རབ་འབྱོར་ཏེ། །རྡོ་རྗེ་ཚེ་དབང་ཞེས་བྱའི་རིག་བྱེད་པ། །ཡི་གེར་འདྲི་པོ་ཉིད་ཡིན་གསེགས་གཅོད་ཀྱི། །ཁ་ལོ་བསྒྱུར་བ་རྣམས་ཀྱིའང་དེད་དཔོན་ལགས། །དེ་སོཌ་བརྐོས་ལ་བྱང་བ་འདུན་ཕྲག་གིས།།བི་ཤྭ་ཀརྨའི་སྒྱུ་ཐབས་མངོན་སུམ་བཞིན། །ཚེགས་མེད་གྲུབ་འདི་སྙིང་པོའི་བསྟན་པ་ཡི། །སྲོག་ཏུ་ཉི་ཟླ་ཇི་སྲིད་འབར་གྱུར་ཅིག །འདི་ལས་རྣམ་དཀར་ལེགས་བྱས་ཕུང་པོ་གང་ཞིག་ཐོབ་པར་གྱུར་བ་དེས། །དཔལ་ལྡན་བླ་མའི་ཞབས་པད་ལེགས་བརྟན་རྒྱུ་སྦྱོར་བ་དང་རིག་གནས་པ། །ཀུན་གྱི་འཕྲལ་ཡུན་ཕན་བདེ་ཀུན་གྲུབ་ཤར་ཕྱོགས་རྒྱལ་ཆེན་སྐུ་རབ་པའི། །དབུ་རྨོག་བཙན་ཞིང་ཆོས་དང་སྲིད་ཀྱི་འབྱོར་ཚོགས་འཕེལ་བས་དགེ་གྱུར་ཅིག །ཤུ་བྷཾ།།