R1148: དམངས་དོ་ཧའི་རྣམ་བཤད་སེམས་ཀྱི་རྣམ་ཐར་སྟོན་པའི་མེ་ལོང་། བཙུན་མོ་དོ་ཧའི་ཊཱི་ཀ་འབྲིང་པོ་སེམས་ཀྱི་རྣམ་ཐར་སྟོན་པའི་མེ་ལོང་། རྒྱལ་པོ་དོ་ཧའི་ཊཱི་ཀ་འབྲིང་པོ་སེམས་ཀྱི་རྣམ་ཐར་སྟོན་པའི་མེ་ལོང་། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༢༣༢
[A:༢༣༢]འབྱུང་གནས་ལེགས་བཤད་གླིང་གི་གཙུག་ལག་ཁང་དུ་ཡོངས་སུ་རྫོགས་པར་སྦྱར་བའི་ཡི་གེ་པ་ནི་དོན་ཡོད་དཔལ་བཟང་གིས་བགྱིས་པ་སྟེ། འདིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སྙིང་ལ་གདོད་མ་ནས་རང་ཆས་སུ་བཞུགས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་མངོན་སུམ་དུ་རྟོགས་པའི་རྒྱུར་གྱུར་ཅིག། སྭ་སྟི། སེམས་ཀྱི་ངོ་བོ་སྐྱེ་མེད་རྫོགས་སངས་རྒྱས། །དེ་ཡི་རང་གདངས་འགག་མེད་དམ་པའི་ཆོས། །རྩལ་སྣང་ཅིར་ཡང་འཆར་བ་འཕགས་པའི་ཚོགས། །སྐྱབས་མཆོག་གསུམ་དངོས་སེམས་ཉིད་ལ་ཕྱག་འཚལ། །རྒྱལ་བས་ཆོས་སྒོ་དཔག་ཡས་གསུངས་རྣམས་ཀྱི། །སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པ་ནི། །ས་ར་ཧ་དཔལ་ཞལ་གྱི་བདུད་རྩིའི་རྒྱུན། །དོ་ཧ་སྐོར་གསུམ་འདི་དག་ཁོ་ན་སྟེ། །དེ་ཚུལ་རྣམ་འབྱེད་འགྲེལ་པའི་འཕྲེང་བ་ནི། །རྒྱ་བོད་མཁས་པའི་གསུང་ངག་མཐའ་ཡས་ཀྱང༌། །ཉམས་ལེན་གནད་ཀྱི་གདམས་པའི་བཅུད་བསྡུས་ནས། །སངས་རྒྱས་ལག་བཅངས་ཉིད་དུ་སྟོན་མཛད་པ། །མདའ་བསྣུན་ཞལ་ལུང་ཉིན་བྱེད་དབང་པོ་ནི། །ལེགས་བཤད་རྟ་བདུན་འགྲོས་ཀྱི་ཁ་ལོ་བས། །ངེས་དོན་ཟབ་མོའི་ཤིང་རྟ་ལ་བཀོད་ནས། །མཐའ་ཡས་གདུལ་བྱའི་ཡིད་མཁར་སྤྱན་དྲངས་ཏེ། །སྲིད་དང་ཞི་བའི་སྣང་བརྙན་སྣ་ཚོགས་པ། །སེམས་ཀྱི་རྣམ་པར་ཐར་པའི་འདུ་འགོད་རྣམས། །ཇི་བཞིན་གསལ་བར་སྟོན་པའི་མེ་ལོང་འདི། །རང་ངོ་མཐོང་ཚེ་གསལ་བྱེད་རྒྱན་ཡིན་ནོ། །དེང་འདིར་སྡོམ་བརྩོན་བོ་དྷི་སཏྭ་ཡི། །རྒྱལ་ཚབ་ཡེ་ཤེས་དབང་པོ་ཞེས་བྱ་བའི། །རྨད་བྱུང་རིགས་ཀྱི་ལྗོན་པའི་རྩེ་མོ་དེར། །དེ་ཡི་གདུང་འཚོབ་ཐུགས་རྗེའི་དབོན་སྲས་མཆོག །ལྷ་དབང་མིའི་རྒྱལ་པོར་རྣམ་སྤྲུལ་བ།།སྐྱེ་དགུ་ཀུན་ལ་དགའ་བའི་འཛུམ་ཞལ་ཅན༌། །གཙུག་ལག་གཉིས་ལ་མངོན་པར་དབང་འབྱོར་པས། །ཆོས་ཀྱི་སྤྱན་ལྡན་ས་སྐྱོང་དམ་པ་བྱུང༌། །རིག་གནས་མཐའ་དག་མཁྱེན་པའི་པཎྜི་ཏ། །སེམས་ཉིད་རང་ཞལ་གཟིགས་པའི་གྲུབ་དབང་པོ། །ས་ཆེན་བྱམས་པས་སྐྱོང་མཁས་མི་ཡི་རྗེ། །དེ་སླད་ལུགས་གཉིས་སྐྱོང་བའི་དབང་པོ་ཡིན། །མཁྱེན་པའི་ཡེ་ཤེས་འཇམ་པའི་དབྱངས་འདྲ་ཞིང༌། །བརྩེ་བའི་ཐུགས་རྗེ་སྤྱན་རས་གཟིགས་དང་མཚུངས། །ནུས་མཐུའི་སྟོབས་ནི་མཐུ་ཆེན་ཐོབ་ཇི་བཞིན། །སྐྱེ་དགུ་ཀུན་གྱི་ཉེར་འཚོར་འདི་བྱོན་ནོ། །མཐོང་ན་ལྷ་ཡི་དབང་པོ་ལྟར་མཛེས་ཤིང༌། །ཐོས་ན་ཀུན་དགའི་གསུང་གིས་འགྲོ་ཀུན་ཚིམ། །བསམས་ན་སྐྱོན་