R1148: དམངས་དོ་ཧའི་རྣམ་བཤད་སེམས་ཀྱི་རྣམ་ཐར་སྟོན་པའི་མེ་ལོང་། བཙུན་མོ་དོ་ཧའི་ཊཱི་ཀ་འབྲིང་པོ་སེམས་ཀྱི་རྣམ་ཐར་སྟོན་པའི་མེ་ལོང་། རྒྱལ་པོ་དོ་ཧའི་ཊཱི་ཀ་འབྲིང་པོ་སེམས་ཀྱི་རྣམ་ཐར་སྟོན་པའི་མེ་ལོང་། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༢༣༣
[A:༢༣༣]བྲལ་ཐུགས་རྗེའི་ངང་གདངས་ཅན། །འབངས་སྲིད་རྒྱུ་སྐར་ལྟར་བཀྲའི་དབུས་ན་མཐོ། །དེ་ཡི་སྦྱིན་པའི་སྒོ་འཕར་ཡངས་པོ་ནི། །སློང་བ་རྣམས་ཀྱི་རང་འདོད་བཞིན་དུ་གདངས། །གང་གི་བཀའ་ནི་སྐྱེ་དགུའི་རྣ་བ་ལ། །ལྷ་ཡི་རྔ་ཆེན་ལྟ་བུར་རྟག་ཏུ་སྙན། །དེ་ཡི་དད་དང་ལྷག་བསམ་འབྱོར་པའི་དཔལ། །རྣམ་ཐོས་བུ་ཡི་ལོངས་སྤྱོད་ལྟ་བུ་ལ། །སྙིང་པོ་ལེན་སླད་ཆོས་ཀྱི་སྦྱིན་པའི་ཆར། །སྤེལ་བྱེད་སྤར་གྱི་ཆུ་འཛིན་འདི་བསྒྲུབས་སོ། །ཡི་གེའི་བྱེད་པོ་དོན་ཡོད་དཔལ་བཟང་སྟེ། །རྐོས་ལ་འགྲན་བྲལ་དཔོན་གྲགས་དབོན་ཚེས་སོགས། །དག་བྱེད་མེ་ཏྲི་ཨཱ་ནནྟ་དང་ནི། །རིག་འཛིན་གྲགས་པའི་རྣམ་དཔྱོད་མཐུ་ཡིས་སོ།། འདིར་འབད་དགེ་ཚོགས་འོད་དཀར་ཕུང་པོ་ནམ་མཁའི་ཕ་མཐར་འཆར་བ་དེས་ནི་ཐུབ་བསྟན་ཀུན་དའི་འཛུམ་མདངས་རབ་རྒྱས་ཤིང༌། །མཐའ་ཡས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་མུན་པའི་ཕྲེང་བ་བསལ་ཏེ་བདེ་སྐྱིད་དཔལ་ལ་སྤྱོད་པའི་སྐལ་བཟང་ཐོབ་པ་དང༌། ཁྱད་པར་དུ་ཡང་གངས་ཅན་ལྗོངས་འདིར་བསྟན་འཛིན་རྣམས་ནི་ཕོ་ནུ་བཞིན་མཐུན་སྡེ་སྲིད་སྐྱོང་རྣམས་མི་མཐུན་མེད་པར་བདེ། །སྐྱེ་དགུ་ཀུན་གྱི་གོང་མ་ངག་གི་དབང་ཕྱུག་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་འབྱོར་བཟང་པོ་ཁུ་དབོན་རྣམས་ཀྱི་ནི།།སྐུ་ཚེ་རིང་ཞིང་ཆབ་སྲིད་བརྟན་ལ་བཀའ་ཡི་བློན་ཆེན་སྦ་སྣང་ནམ་མཁའ་ ལྷ་དབང་ཀུན ་དགའ་སྐུ་མཆེད་དབོན་སྲས་བཅས། །སྐུ་ཚེ་འདིར་ཡང་འགལ་རྐྱེན་ཀུན་ཞི་ཚེ་དཔལ་ལོངས་སྤྱོད་འབྲུ་ནོར་དབང་ཐང་ཆབ་སྲིད་དབང་ཕྱུག་རྣམས་ནི་གོང་དུ་འཕེལ། །རྫོང་གཞིས་ལ་སོགས་མངའ་རིས་ཉིད་དུ་གཏོགས་པའི་མི་ནོར་རྣམས་ནི་ཕྱི་དང་ནང་གི་བར་གཅོད་ཀུན་ལས་རྒྱལ་ཞིང་བརྟན། །ཟུང་འཇུག་ཕྱག་ཆེན་གནས་ལུགས་རྟོགས་ཏེ་མཐོང་ཐོས་དྲན་རེག་རྣམས་ནི་སྨིན་གྲོལ་ལམ་ལ་འགོད་པའི་ནུས་དང་ལྡན་གྱུར་ཅིག། །།ཤུ་བྷཾ་མ་སྟུ་སརྦ་ཛ་ག་ཏཾ།