R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 64
[A:64]༄༅། །སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར་བཞུགས་སོ།། ན་མོ་ཝ་གཱི་ཤྭ་ར་ཡ། དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་རྗེ་རྡོ་རྗེ་སློབ་དཔོན་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྟོགས་པ་བརྗོད་པ་དད་པའི་ལྷུན་པོ་ཞེས་བྱ་བ། དཔལ་ལྡན་བླ་མ་དམ་པ་སེམས་དཔའ་ཆེན་པོ་དེ་ཉིད་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དགེ་ལེགས་གསེར་གྱི་ས་འཛིན་རབ་བརྗིད་པའི།། མགུལ་དུ་ཐུགས་རྗེའི་ཆུ་འཛིན་ལེགས་འཁྱུད་ནས། །གཞན་ཕན་བྱང་ཆུབ་སེམས་ཀྱི་ཆར་རྒྱུན་གྱིས། །ཕན་བདེའི་ལོ་ཐོག་སྐྱོང་དེར་མགོས་ཕྱག་འཚལ།། གང་གི་ཐུགས་རྗེའི་ཞགས་པ་དཀར་པོ་ཡིས། །འགྲོ་བ་འདི་དག་ལེགས་པར་དྲངས་བའི་ཚུལ། །མ་ལུས་རྒྱལ་བས་བསྐལ་པར་བརྗོད་གྱུར་ཀྱང༌། །ཆ་ཙམ་ཟད་པར་འགྱུར་བ་ག་ལ་ཞིག །དེ་ཕྱིར་མཁྱེན་བརྩེའི་གཏིང་མཐའ་འདི་ཙམ་ཞེས།། བློ་དམན་བདག་གིས་བརྗོད་པར་མི་ནུས་ཀྱང༌།། མགོན་དེར་དད་པའི་མྱུ་གུ་རང་གཞན་ལ། །བསྐྱེད་ཕྱིར་རྣམ་ཐར་མདོ་ཙམ་འདིར་བརྗོད་བྱ། ། དེ་ཡང་བདག་ཉིད་ཆེན་པོ་འདི་ནི་སྔོན་གྱི་བྱང་སེམས་ལོ་པཎ་འདི་ལྟ་བུའི་རྣམ་པར་འཕྲུལ་པ་ཡིན་ནོ་ཞེས་ཉིད་ཀྱིས་གསུངས་པ་དང་གཞན་ལ་གྲགས་པ་མ་ཐོས་མོད་ཀྱི། མཐའ་ཡས་པའི་མཁྱེན་རབ་དང༌། དམིགས་པ་མེད་པའི་