R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 66
[A:66]དུ་བྱས་ནས་ཡོན་ཏན་རིན་པོ་ཆེ་ཕུལ་དུ་བྱུང་བ་རྣམས་ཉི་མའི་གཟུགས་སུ་བཀོད་ནས་བསྟོད་པ་དེ་གོ་སླའོ། །ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ༑ ༑ཟབ་ཅིང་རྒྱ་ཆེའི་ཆོས་ཆར་འབེབས་པའི་གསུང༌། །བྱང་ཆུབ་སེམས་གཉིས་ལེགས་པར་འབྱོངས་པའི་ཐུགས། །བླ་མའི་སྐུ་གསུང་ཐུགས་ལ་གསོལ་བ་འདེབས༑ ཞེས་པ། སྐུ་སྐྱེ་བ་སྔ་མ་རྣམས་སུ་ཚུལ་ཁྲིམས་དང་བཟོད་པ་ལ་སོགས་པའི་དགེ་ལེགས་མཐའ་ཡས་པས་བསྒྲུབས་པའི་སྐུའི་ཡོན་ཏན་དབང་པོ་ཐམས་ཅད་ཡོངས་སུ་རྫོགས་ལ་འཚམ་ཞིང༌། མཆུ་ཞིང་གབ་པས་མཐོང་ན་མི་མཐུན་པ་མེད་པས་ཀུན་གྱི་ཡིད་འཕྲོག་པ་དང་ཆོས་རྣམས་ཀྱི་གནས་ལུགས་གང་ཟག་དང་ཆོས་ཀྱི་བདག་མེད་པས་བསྡུས་པའི་སྟོང་པ་ཉིད་ཟབ་མོ་ལ་གསན་སྦྱོང་གི་གཙོ་བོ་ལེགས་པར་མཛད་པས་སྟོང་ཉིད་སྟོན་པ་ལ་ཤིན་ཏུ་མཁས་ཤིང་དགྱེས་ལ། རྒྱ་ཆེ་བ་ས་དང་ཕ་རོལ་དུ་ཕྱིན་པའི་རྣམ་གཞག་སྟོན་པ། ས་སྡེ་ལྔ་དང་སྡོམ་རྣམ་གཉིས། བཀའ་གདམས་གཞུང་དྲུག་སོགས་ལ་ཐུགས་དམ་དང་གཟིགས་རྟོག་འཆད་ཉན་གྱི་གཙོ་བོར་མཛད་པས་དུས་རྟག་ཏུ་བར་མ་ཆད་པར་གསུང་པ་དང༌། དེ་དག་གི་དོན༑ སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་གཟིགས་ནས། དེ་དག་གི་བདེ་བ་བསྒྲུབ་པ་དང་སྡུག་བསྔལ་སེལ་བའི་བསམ་སྦྱོར་ཡོངས་སུ་རྫོགས་པའི་ཀུན་རྫོབ་སེམས་བསྐྱེད་དང་ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའི་དཀྱིལ་ལྟར་གཟིགས་པའི་མཉམ་གཞག་ནམ་མཁའ་ལྟ་བུ་དང་ཐ་སྙད་འཁྲུལ་པའི་ངོ་བོ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་བར་སྣང་གི་འཇའ་ཚོན་ལྟར་གཟིགས་པའི་རྗེས་ཐོབ་སྒྱུ་མ་ལྟ་བུ་གཉིས་ཟུང་དུ་འཇུག་པའི་དོན་དམ་སེམས་བསྐྱེད་ཏེ། བྱང་ཆུབ་ཀྱི་སེམས་རྣམ་པ་