R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 67
[A:67]གཉིས་ཀྱིས་ཐུགས་རྒྱུད་ལེགས་པར་འབྱོར་པས་ན། སྐུ་གསུང་ཐུགས་ཀྱི་ཉེས་པ་ཐམས་ཅད་དང་བྲལ་ཞིང་ཡོན་ཏན་མཐའ་དག་ཡོངས་སུ་རྫོགས་པའོ། ། གཉིས་པ་ལ་རང་གིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་མཛད་ཚུལ་དང༌། རྫཽགས་ནས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེར་མཛད་ཚུལ་ལོ།། དང་པོ་ལ། ངེས་འབྱུང་དང་དད་པ་གཙོ་བོར་གྱུར་པའི་ཡོན་ཏན་དང༌། མང་དུ་ཐོས་པ་དང་གཏོང་བ་གཙོ་བོར་གྱུར་པའི་ཡོན་ཏན་དང༌། སྦྱངས་པའི་ཡོན་ཏན་དང༌༑ བརྩོན་འགྲུས་གཙོ་བོར་གྱུར་པའི་ཡོན་ཏན་ནོ། ། དང་པོ་ནི། གཞོན་ནུའི་དུས་ནས་ཐེག་ཆེན་རིགས་སད་ཅིང༌། །འཁོར་བའི་བདེ་འབྲས་ཆུ་ཤིང་ལྟར་དགོངས་ཏེ། །བསྟན་ལ་རབ་བྱུང་ཐེག་ཆེན་གཞུང་ལ་སྦྱངས༑ ༑དུལ་ཞིང་དེས་པའི་དཔལ་མངའ་ཁྱོད་ལ་འདུད། །ཅེས་པ་སྟཻ། ཇི་སྐད་དུ་མདོ་སྡེ་རྒྱན་ལས། བློ་ལྡན་རྣམས་ཀྱི་ལས་དང་ནི། །གཞན་ཡང་སྨོན་ལམ་དག་པ་དང༌། །ཏིང་ངེ་འཛིན་དང་དབང་འབྱོར་བའི། །དབང་གིས་སྐྱེ་བར་འདོད་པ་ཡིན༑ ༑ཞེས་པ་ལྟར་བྱང་ཆུབ་སེམས་པ་བསམ་བཞིན་དུ་སྲིད་པར་སྐྱེ་བ་བཞེས་པའི་རྒྱུ་དེ་དག་གང་ཡང་རུང་བ་ལ་བརྟེན་ནས། བྱང་ཕྱོགས་གངས་རིའི་ལྗོངས་ཀྱི་བསྟན་པ་རིན་པོ་ཆེ་དང་སེམས་ཅན་མཐའ་ཡས་པའི་ཆེད་དུ་རྣམ་པར་དཀར་བའི་ལྷག་བསམ་དང་རྨད་དུ་བྱུང་བའི་ཐུགས་རྗེ་ཆེན་པོས་ཀུན་ནས་སླངས་ཏེ། བོད་དང་བོད་ཆེན་གཉིས་སུ་བྱེད་པའི་བོད་ཆེན། མདོ་ཁམས་ཀྱི་སའི་ཆ། དེ་ལ་ཡང་མདོ་སྟོད་དང་མདོ་སྨད་གཉིས་སུ་གྲགས་པ་ལས་མདོ་ཁམས་སྟོད་ཀྱི་སའི་ཆ། སྤྱྀར་སངས་རྒྱས་ཀྱི་བསྟན་པས་ཁྱབ་ཅིང༌། ཁྱད་པར་དཔལ་ལྡན་ས་སྐྱ་པའི་ཆོས་དང་ཟང་ཟིང་གི་འབྱོར་པས་ལེགས་པར་བརྒྱན་པ་དཔལ་འབར་དང་གཙོ་མདོ་ལ་