R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 68
[A:68]སོགས་པའི་དགེ་འདུན་གྱི་སྡེ་ཆེན་པོ་གནས་པ་དམར་ཁམས་གོན་འཇོའི་ནང་ཚན༑ འཕར་ཁང་པར་གྲགས་པའི་རུས་ཚན་གྱི་ནང་དུ་ས་ཕོ་སྤྲེའུའི་ལོ་ལ་སྐུ་སྐྱེ་བ་བཞེས་ཏེ། ལྷུམས་སུ་ཞུགས་མ་ཐག་ནས་ཀྱང༌། ཡུམ་ལ་དད་པ་དང་སྙིང་རྗེ་ངང་གིས་འཕེལ་བ་དང༌། སེམས་རྒྱུད་རབ་ཏུ་ཞི་བར་གྱུར་པ་ལ་སོགས་པའི་ཡོན་ཏན་གསར་དུ་སྐྱེས་པ་ལྟ་བུ་མངལ་ན་བཞུགས་པའི་ཚེ་ཡང༌། སེམས་ཅན་དཔག་ཏུ་མེད་པའི་དོན་དུ་འགྱུར་བར་མཛད་དོ། །སྐུ་བལྟམས་ནས་ཀྱང་གཞོན་ནུ་རྣམས་ཀྱི་ནང་ན་རང་བཞིན་གྱིས་དབང་པོ་དུལ་བ་དང་ཞི་བ་དང༌། ངང་རྒྱུད་འཇམ་པ་དང་སྙན་པར་སྨྲ་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པས། མཐོང་བ་དང་ཐོས་པ་ཀུན་གྱིས་འདི་ནི་སེམས་དཔའ་ཆེན་པོ་ཞིག་གོ །ཞེས་གཏམ་དུ་གླེང་ཞིང༌། གཞོན་ནུ་ཉིད་ནས་ཀློག་དང་ཡི་གེ་ལ་སོགས་པ་གཞོན་ནུའི་རྒྱུསྒྱུ་རྩལ་ལ་སློབ་པའི་ཚུལ་བསྟན་པ་ན་ཡང་ཚེགས་ཆུང་ངུས་ཐུགས་སུ་ཆུད་ཅིང༌། གཞོན་ནུ་གཞན་དག་ནི། བཟའ་བར་བྱ་བ་དང་བཟའ་བར་བྱ་བ་མ་ཡིན་པ་ཙམ་ལ་ཡང་རྨོངས་ཤིང༌། འཕྲལ་དང་ཡུན་དུ་གང་ཕན་ཙམ་ལ་ཡང་མིག་ལྡོངས་པར་གྱུར་ཏེ། རྩེད་མོ་རྩེ་བའི་བསམ་པ་གཙོ་བོར་འཛིན་ལ། བཀྲེས་པ་དང་སྐོམ་པ་ཙམ་ངོ་ཤེས་ཀྱི་ཆོས་དང་ཆོས་མ་ཡིན་པའི་རྣམ་དབྱེ་གང་ཡང་མི་ཤེས་པའི་དུས་དེའི་ཚེ་ཡང༌། བདག་ཉིད་ཆེན་པོ་འདི་ནི་སྲིད་པའི་སྡུག་བསྔལ་དང་ཡིད་མི་བདེ་བ་རྣམས་ལྟ་ཞོག ལུས་དང་ལོངས་སྤྱོད་དང༌། འཁོར་དང་ཆབ་སྲིད་ལ་སོགས་པ་སྲིད་པའི་ཕུན་སུམ་ཚོགས་པ་གང་ཞིག་སྐྱེ་བོ་གཞན་ཆོས་ལ་གོམས་པར་རློམས་པ་དུ་མ་ཡང་ཆགས་ཞིང་ཞེན་ལ་བདེ་བ་དང༌། ཡིད་བདེ་བ་ཆེན་པོ་སྐྱེ་བའི་གནས་གྱུར་པའི་བདེ་འབྲས་མཐའ་དག་ཀྱང་བྱིས་པ་འདྲིད་པར་བྱེད་པའི་དབུ་བ་དང་སྨིག་རྒྱུ་